འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཤིང་།།
འགྲོ་བའི་དོན་ལ་རྟག་ཏུ་བརྩོན་མཛད་པ།།
རིག་འཛིན་གྲུབ་དབང་པད་མ་ཀ་ར་ལ།།
སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱི།།
དེ་ཡང་རང་རེ་ཁ་བའི་ལྗོངས་འདིར་སྔར་གྱི་ཆོས་རྒྱལ་ལོ་པཎ་དུ་མའི་བཀའ་དྲིན་གྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ནས། ཚང་མས་རྣམ་དཀར་གྱི་ལས་ལ་འབད་འབུངས་བྱེད་པ་དང་། ལྷག་པར་ཉ་སྟོང་བརྒྱད་གསུམ་དང་ཚེས་བཅུ་ཉེར་ལྔ་སོགས་ལ་དུས་མཆོད་འབུལ་སྲོལ་ཡོད་པ་ལྟར། དེང་འདིར་སློབ་དཔོན་པད་མ་འབྱུང་གནས་ཀྱི་མཛད་པའི་ཁྱད་པར་དུ་བྱས་པའི་ཚེས་བཅུའི་དུས་ཆེན་བྱུང་ཚུལ་དང་དེའི་ཕན་ཡོན་སྐོར་《པད་མའི་སྙན་རྒྱུད་ཡང་གསང་བླ་མེད་》ལས་གསུང་བའི་ཚེས་བཅུའི་ཕན་ཡོན་གཞིར་བཟུང་གཞན་ཡང་འབྲེལ་ཡོད་ཁག་ལ་གཞི་བཅོལ་ནས་ཚེས་བཅུའི་ངོ་སྤྲོད་རགས་བསྡུས་ཙམ་ཞུ་ན། ཟླ་བ་ཡར་ངོས་ཀྱི་ཚེས་བཅུ་ནི་སློབ་དཔོན་པད་མ་འབྱུང་གནས་ཀྱི་ཐུགས་སྐྱེད་དང་འབྲེལ་བ་ཞིག་ཡིན་ཏེ་《བླ་མ་གསང་འདུས་ཐེམས་མེད་》ལས་དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང་༔ དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་མཐུན་དངོས་གྲུབ་ང་ཡིས་གཏེར༔ ཞེས་གསུངས་པ་དང་། ཡང་རཏྣ་གླིང་པའི་གཏེར་བྱོན་《ཚེས་བཅུ་བསྐུལ་ཐབས་》ལས། མདོར་ན་གང་འདུལ་བསམ་ལས་འདས༔ ཐམས་ཅད་ཨོ་རྒྱན་བརྗེད་རྡོ་ཡིན༔ མ་འོངས་ང་ལ་མོས་བྱེད་རྣམས༔ ང་ལ་མོས་པ་སུས་བྱས་པ༔ དེ་ཡི་རྩ་ན་ང་ཉིད་འདུག༔ ཟླ་བ་ཚེས་བཅུ་ཤར་རེས་ཀྱི༔ ང་ཡི་བརྗེད་ཐོ་སུས་འཛིན་པ༔ དེ་དང་ང་ལ་འདུ་བྲལ་མེད༔ ཞེས་དང་། བོད་ཀྱི་རྒྱལ་བློན་བུ་སློབ་ལ། བྱུང་ངོ་ཟླ་བའི་ཚེས་བཅུ་ལ༔ ང་ཉིད་འབྱོན་པའི་དབུ་བསྙུང་མཛད༔ པད་མ་འབྱུང་གནས་གཞན་མི་བསླུ༔ཡང་། འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཞིང་གསོལ་བ་འདེབས་པ་དེ༔ འཁོར་བ་ལྷུང་ན་ངས་ཤེས་ཀྱི༔ གློ་སྙིང་བྲང་གསུམ་ང་ལ་གཏོད་ཞེས་དང་། 《བླ་མ་སྒྲུབ་པའི་གནད་ཡིག་》ལས་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཞག་ལ༔ ཨོ་རྒྱན་བདག་ཉིད་བོད་ཡུལ་ཐམས་ཅད་དུ༔ ངེས་པར་འབྱོན་པ་ང་ཡི་ཐ་ཚིག་ཡིན༔ ཟླ་རེའི་ཚེས་བཅུའི་བྱུང་ངོ་ཅོག་ལ་ཡང༔ སྤྲུལ་པས་བོད་ཁམས་ཁྱབ་པར་མི་འབྱོན་རེ༔ དམ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད༔ ཅེས་ཚེས་བཅུའི་དུས་མཆོད་དེ་ཉིད་སློབ་དཔོན་ཆེན་པོ་ཉིད་ཀྱི་ཞལ་བཞེས་མཛད་པའི་ཁྱད་འཕགས་ཀྱི་དུས་ཆེན་ཡིན་པ་དེའི་ཟླ་རེའི་ཚེས་བཅུ་སོ་སོའི་ཁྱད་པར་གྱི་ཡོན་ཏན་ནི།
༡ རྒྱལ་ཟླའི་ཚེས་བཅུ་﹙ཧོར་ཟླ་བཅུ་གཉིས་པ་﹚སྔར་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བོ་རྡིའམ་རྒྱལ་པོ་སྤྱན་མེད་འབྱོར་ལྡན་ཞེས་པ་དབང་པོའི་དྭངས་མ་མིག་དང་བྲལ་བ། རྒྱལ་བརྒྱུད་འཛིན་པའི་བུ་མེད་པས་ཡིད་མྱ་ངན་གྱི་གནས་སུ་ལྷུང་ནས་ཡོད་པར་དྲང་སྲོང་ཨཱ་སེ་ཞེས་པས་མྱ་ངན་མ་མཛད་དགེ་བ་དག་ལ་འབུངས་དགོས་པའི་བསྐུལ་མ་མཛད་པ་ལྟར་རྒྱལ་པོས་དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ཉིན་དཀོན་མཆོག་གི་རྟེན་གྱི་དྲུང་དུ་མཆོད་པ་རྒྱ་ཆེར་ཕུལ། ཐེག་ཆེན་གྱི་མདོ་སྒྲོག ཅི་ཡོད་སྦྱིན་པ་གཏོང་བའི་དམ་བཅད་དེ་སྦྱིན་གཏོང་རྒྱ་ཆེར་བྱས་པས་མཐར་བང་མཛོད་སྟོང་ཉེ་བའི་སྐབས་སློང་མོ་བའི་འཕྲོ་མ་ཆད་སྟབས་རྒྱལ་པོས་བློན་པོའི་ཚོགས་ལ་ཟས་ནོར་འབྱུང་ཐབས་ཀྱི་བྲོས་བྱེད་དུ་བཅུག་པར་ལ་ལས་སོ་ནམ་བྱ་དགོས་ཟེར་བ་དང་། ལ་ལས་ཚོང་ཁེ་བྱ་དགོས་པ། ལ་ལས་དམག་ཇག་བྱ་དགོས་ཚུལ་སོགས་གླེང་། འོན་ཀྱང་རྒྱལ་པོས་བྱ་བ་དེ་དག་ཆོས་དང་མཐུན་པ་ཞིག་ཡིན་དེ་བས་རྒྱ་མཚོར་ཞུགས་ཏེ་ནོར་བུ་རིན་པོ་ཆེ་བླངས་ནས་དབུལ་པོ་རྣམས་ལ་སྦྱིན་པ་བྱ་བར་དགོངས་ཏེ་སྔར་རྒྱ་མཚོར་ལན་མང་བསྐྱོད་མྱོང་བའི་དེད་དཔོན་རྒས་ཁོག་ཞིག་ཡོད་པ་དེར་རྒྱ་མཚོར་འགྲོ་དགོས་པའི་བཀའ་ཕབ་ནས་མཐར་རྒྱལ་པོ་དང་ལྷན་དུ་བསྐྱོད་དེ་ནོར་བུའི་གླིང་ནས་ནོར་བུ་ལེན་ནས་ཚུར་ཡོངས་སྐབས། ཆོས་བློན་ཏྲིག་ན་འཛིན་གྲུ་ཆུང་ཞིག་ལ་བསྡད་དེ་རྒྱལ་པོ་བསུ་བར་འབྱོར། དེར་ཆོས་བློན་གྱིས་ངྷན་ཀོ་ཤའི་ནུབ་བྱང་པདྨོ་ཚལ་དྲི་མེད་མདངས་ལྡན་གྱི་རྒྱ་མཚོའི་གླིང་ཞིག་ནས་མེ་ཏོག་པདྨའི་སྟེང་དུ་ངོ་མཚར་བའི་ཁྱེའུ་ཆུང་ཞིག་སྐུ་འཁྲུངས་འདུག་ཞུས་པར། རྒྱལ་པོས་མདངས་ངའི་རྨི་ལམ་ངོ་མཚར་བ་བྱུང་བས་ངེད་གཉིས་ངེས་པར་དུ་ཁྱེའུ་དེའི་སར་འགྲོ་དགོས་ཞེས་རྒྱལ་པོ་དང་བློན་པོ་གྲུ་ཆུང་ལ་ཞུགས་ནས་ཕྱིན་པར་པད་སྡོང་སྟེང་དུ་སྐུ་མདོག་མཛེས་ཤིང་ལྟ་བས་མི་ངོམས་པའི་ཁྱེའུ་ཆུང་ཞིག་ཡོད་པ་དང་མཇལ་ནས། རྒྱལ་པོས། ཨེ་མ་ཧོ། ཡ་མཚན་ཅན་གྱི་ཁྱེའུ་ཆུང་ཁྱད་འཕགས་ཁྱོད༔ ཡབ་ནི་གང་ཡིན་ཡུམ་ནི་གང་ཡིན་པ༔ ཡུལ་ནི་གང་ཡིན་རིགས་ནི་གང་དུ་གཏོགས་༔ ཟས་སུ་ཅི་གསོལ་འདི་རུ་ཅི་མཛད་གསུངས། ༔་ཅེས་ཞུས་པར་ཁྱེའུ་ཆུང་གིས། བདག་གི་ཕ་ནི་རིག་པའི་ཡེ་ཤེས་ཡིན༔ མ་ནི་བདེ་སྟོང་ཀུན་ཏུ་བཟང་མོ་ཡིན༔ ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན༔ རིགས་ནི་དབྱིངས་རིག་གཉིས་སུ་མེད་པར་གཏོགས༔ ཟས་སུ་གཉིས་སྣང་རྟོག་པ་ཟ་བ་ཡིན༔ འདིར་ནི་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་༔ ཞེས་གསུངས་རྒྱལ་པོ་དད་དེ་སྤྱན་ཆབ་ཤོར་བ་དང་སྤྱན་གཡས་པ་དེའང་བྱེད་པར་གྱུར། དེར་རྒྱལ་པོས་འདི་སྤྲུལ་པོའི་སྐུ་ཞིག་འདུག་པས་ངའི་བུ་སྐལ་དང་མཆོད་གནས་སུ་གདན་དྲངས་དགོས་སྙམ་ནས་པད་སྡོང་ཁྱེའུ་དང་བཅས་པ་རྒྱལ་པོའི་ཡུལ་དུ་གདན་དྲངས། དེ་ནས་རྒྱལ་པོས་ནོར་བུ་རིན་པོ་ཆེ་ལ་བྱི་དོར་བྱས་ཏེ་བདག་གི་ཁྱེའུ་འདི་ཉིད་བཞུགས་པའི་རིན་ཆེན་སྣ་བདུན་གྱི་ཁྲི་དང་གདུགས་ཀྱང་འབྱུང་བར་ཤོག་ཅེས་སྨོན་ལམ་བཏབ་པས་ཁྲི་དང་གདུགས་བྱུང་། དེར་ཁྱེའུ་ཁྲི་སྟེང་དུ་ཕེབས་ནས་རྒྱལ་པོར་གསོལ། མཚན་པདྨ་རྒྱལ་པོར་གསོལ་བའི་དུས་ཀྱི་ཚེས་བཅུ་འདི་བཟུང་བའི་ཕན་ཡོན་ནི། ཚེ་རབས་ཀུན་ཏུ་སྟོབས་ཆེ་འབྱོར་བ་རྒྱས། མངའ་ཐང་ལྡན་ཞིང་སྙན་གྲགས་ཆེ༔ ལུས་པོ་དག་ལ་ནད་མི་འབྱུང༔ གལ་སྲིད་བྱུང་ན་ཉེ་བ་ར་འཚོ༔ མིག་དང་ཤེས་པ་མི་གསལ་བ༔ དེ་དག་ཐམས་ཅད་གསལ་བར་འགྱུར༔ ཤེས་རབ་ཆེ་ཞིང་ཡིད་བདེ་བ་དང་༔ ནད་མང་བ་ཐམས་ཅད་ཉུང་བར་འགྱུར་རོ༔ དུས་རྟག་ཏུ་རིགས་འཛིན་ཆེན་པོ་པད་མ་འབྱུང་གནས།༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཚེས་བཅུ་འཛིན་པའི་གང་ཟག་དེ་ལ་༔ ཕ་མས་ཁྱེའུ་ལ་བརྩེ་བ་ལྟར་དུ༔ དུས་རྒྱུད་ཆད་མེད་པར་ཐུགས་རྗེས་སྐྱོབ་པར་འགྱུར་བ་དང་༔ མཆོག་གི་དངོས་གྲུབ་ནི༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གྲལ་དུ་ཚུད་པར་ཐེ་ཚོམ་མེད་﹙འདི་ཡང་གང་གི་ཟླ་བ་སྟེ་ཧོར་ཟླ་དང་པོ་ཡིན་པར་ཡང་གསུངས་འདུག﹚
2.ཆུ་ཟླ་བའི་ཚེས་བཅུ་﹙ཧོར་ཟླ་དང་པོ་﹚ནི། རྒྱལ་གསུང་རྒྱལ་པོ་དེ་ཉིད་བཙུན་མོ་མཆོག་གྱུར་འོད་འཆང་མ་ཁབ་ཏུ་བཞེས་ཏེ་ཨོ་རྒྱན་གྱི་རྒྱལ་སྲིད་སྐྱོང་བཞིན་བཞུགས་པར། ནམ་ཞིག་གི་ཚེ་ནམ་མཁའ་ནས་སྒྲ་འོད་དང་བཅས་རྡོ་རྗེ་སེམས་དཔའ་ལྷ་འཁོར་སྟོང་ཕྲག་བདུན་ཅུ་མདུན་གྱི་ནམ་མཁར་བྱོན་ནས་འཇའ་འོད་ཀྱི་དཀྱིལ་ནས་ཚིགས་སུ་བཅད་པ་སྨྲས་པ། ཨེ་མ་ཧོ་༔ རྒྱལ་པོའི་ཕོ་བྲང་དབུས་ན་ནི་༔ ཆོས་ཀྱི་རྒྱལ་པོ་གནས་གྱུར་པ་༔ བཙུན་མོ་སྡུག་དགུའི་ཚོགས་ཀྱིས་བསྐོར་༔ ཕན་ཚུན་གནས་ཀྱང་འདུ་བ་དག་༔ དེ་དག་ཐམས་ཅད་མི་དགའ་ཞིང་༔ འཇིགས་པའི་ཡིད་ཀྱིས་མྱ་ངན་བྱེད་༔ དེ་ཡི་དུས་ལ་ད་བབ་བོ་༔ རྒྱལ་སྲིད་རུལ་པ་བཞིན་དུ་དོར་༔ ཞེས་གསུངས་ཏེ་མི་སྣང་བར་གྱུར། དེ་སྐབས་རྒྱལ་སྲས་པད་མ་རྒྱལ་པོའི་དགོངས་པར་རྒྱལ་ས་བཟུང་བས་འགྲོ་བའི་དོན་མི་འགྲུབ། དེ་བས་རྒྱལ་སྲིད་སྤངས་པའི་ཐབས་ཤིག་བྱ་དགོས་པར་དགོངས། དེ་སྐབས་སྔོན་པད་མའི་རྩ་ལག་དང་སྨད་འཚོང་བཟང་མོ་ཞེས་པ་དེ་ཉིད་ལས་དབང་གིས་བློན་པོའི་བུ་དང་སྦྲང་མར་སྐྱེས་ནས་ཡོད་པར། བློན་པོའི་བུ་ཆུང་བསིལ་གྲིབ་ཞིག་ཏུ་བསྙལ་བ་དེའི་མགོ་ཐོག་ཏུ་སྦྲང་བུ་བབ་ནས་ཡོད་པར་རྒྱལ་སྲས་པད་མས་སོར་རྡེལ་ཞིག་འཕངས་པས་སྤྲང་མ་བུ་ཆུང་གི་ཀླད་པའི་དཀྱིལ་དུ་དིམ་ནས་ཤི་བས། དེར་བློན་པོ་སོགས་ཀྱིས་རྒྱལ་རིགས་ཀྱི་སྤྱོད་པ་ཉམས་པར་བྱས་སོ་ཞེས་ཡབ་རྒྱལ་པོར་རྒྱལ་སྲས་ལ་ཁྲིམས་གཅོད་པར་བསྐུལ། འོན་ཀྱང་ཡབ་ཀྱིས་རྒྱལ་སྲས་ལ་ཁྲིམས་གཅོད་མི་ནུས་པའི་ཁར་ད་དུང་རྒྱལ་སྲས་དབེན་པར་བྱོན་དོགས་ཀྱིས་སྒོ་སྲུང་བློན་པོ་བཞག དེར་མཚན་མོ་རྒྱལ་སྲས་ཁང་བཟང་ནང་བྱོན་པས་རྒྱལ་པོ་མནལ་སད་དེ་རྒྱལ་སྲས་ལ་མཚན་མོར་རྒྱུ་བ་ཅི་ཡིན་ཞུས་པར། སྲས་ཀྱིས། ང་ནི་ཚེ་གཅིག་སངས་རྒྱས་སྒྲུབ་པ་ཡིན་པས་གཏི་མུག་རོ་ཉལ་བྱེད་པ་མིན། ལེ་ལོ་སྤངས་ནས་དམ་ཆོས་བྱེད་པ་ཡིན་གསུངས། ཡབ་ཀྱིས་གསོལ་བ། བདག་སྲས་ཀྱི་ཕོངས་ནས་དཀོར་མཛོད་སྦྱིན་པ་བཏང་བ་དང་། བགྲོད་དཀའ་བ་རྒྱ་མཚོའི་གླིང་ནས་ནོར་བུ་བླངས། སྤྲུལ་པའི་སྐུ་ཁྱེད་དང་མཇལ་ནས་རྒྱལ་སྲིད་ཕུལ་ནས་གཙུག་ནོར་བཞིན་བསྟེན་པ་ཡིན་ན། ཁྱེད་ཀྱིས་འཁོར་བའི་ཆོས་ལ་སྐྱོ་བར་མི་མཛད་པར་བདག་དང་ཡུལ་འཁོར་བྱམས་པས་སྐྱོང་བར་མཛད་དུ་གསོལ་ཞེས་མཆི་མས་བརྣངས་ཏེ་ཞུས་པར། སྲས་ཀྱིས། ད་ལྟ་ལུས་ཀྱི་སྡུག་བསྔལ་ཆུང་ངུ་ཙམ་ཡང་བཟོད་པར་དཀའ་ན་ངན་སོང་གསུམ་གྱི་སྡུག་བསྔལ་ག་ལ་བཟོད་པར་ནུས། འཁོར་བ་སྒྱུ་མ་ལྟ་བུ་འདིར་མ་ཆགས་པར་རབ་ཏུ་བྱུང་ནས་གཡེང་བ་དང་འདུ་འཛི་སྤངས་པའི་སྤྱོད་པ་སྐྱོང་གི་ཡིན་ཞེས་དང་། འདུ་བའི་མཐའ་མ་བྲལ་བར་ངེས་པའི་གནས་ལུགས་སོགས་ཀྱིས་ཡབ་རྒྱལ་པོར་སེམས་གསོ་མཛད། ནམ་ལང་རྗེས་བློན་པོ་རྣམ་བསྡུས། རྒྱལ་སྲས་ཉིད་སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གསོལ། ཕྱག་ཏུ་རྡོལ་དྲིལ་ཁ་ཊཾ་རྩེ་གསུམ་ཐོགས་ཏེ་ཕོ་བྲང་གི་རྩེ་མོར་གར་སྟབས་མཛད་དེ། ལྟད་མོ་བ་མང་པོའི་ཁྲོད་དུ་རྡོ་རྗེ་དང་ཁ་ཊཾ་ཤོར་པའི་རྒྱ་བག་མཛད་ཅིང་བདུག་བློན་ཨུ་པ་ཏ་ཡི་བུ་པྲ་ཏ་ཀ་ར་མའི་མགོ་དཀྱིལ་དུ་རྡོ་རྗེ་ཕོག ཁ་ཊཾ་དེའི་མ་ཡི་སྙིང་ཁར་ཕོག་ནས་བུ་སྨད་གཉིས་བཀུམས་དིར་བློན་པོ་ཚོས་ཡབ་རྒྱལ་པོར་རྒྱལ་སྲས་ལ་ཁྲིམས་གཅོད་པར་གསོལ་པར་རང་སོ་སོའི་འདོད་ཚུལ་སེ་ཤིང་གི་རྩེ་ལ་སྐྱོན་དགོས་པ་སོགས་ཁྲིམས་གཅོད་ཚུལ་ཅི་ཡང་གླེང་། ཡབ་ཀྱིས་བློན་པོའི་ཚོགས་ལ་འཇིགས་ཤིང་ཀྱི་གཡའ་བའི་དུར་ཁྲོད་བསིལ་པ་ཚལ་དུ་སྤྱུགས་ཀྱི་ཡིན་བརྗོད་པར་བློན་པོ་རྣམས་ཁ་འཆམས། དེར་རྒྱལ་སྲས་སྤྱུགས་པར་ཐོས་རྗེས་སྐྱེ་བོའི་ཚོགས་མང་པོ་འདུས། རྒྱལ་སྲས་ཕོ་བྲང་ནས་ཐོན་ཏེ་ལྗོན་ཤིང་མྱ་ངན་ཚང་གི་དྲུང་དུ་བཞུགས་ཏེ། ལུས་ནི་མི་རྟག་གཡང་ཁའི་སྡོང་པོ་འདྲ༔ དབུགས་ནི་མི་རྟག་ལ་ཀའི་ན་བུན་འདྲ༔ ཡིད་ནི་མི་རྟག་ནམ་མཁའི་གློག་དང་འདྲ༔ ཚེ་འདི་མི་རྟག་རྩ་ཁའི་ཟིལ་པ་འདྲ་༔ ཞེས་གསུངས་པར་དེར་འདུས་སྐྱེ་བོའི་ཚོགས་མཆི་མས་བརྣངས་ཏེ་གནས། དེའི་སྐབས་འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་ལྷག་ནས་རྒྱལ་སྲིད་སྣ་བདུན་གྱི་མདུན་བསུ་བ་དང་བསྟོད་པ་ཕུལ། མཁའ་འགྲོ་སྡེ་བཞིས་རྟ་མཆོག་རིན་པོ་ཆེའི་སྟེང་དུ་ཆིབས་པར་ཞུས་ཏེ་མཁའ་འགྲོ་བཞིས་རྟ་མཆོག་གི་རྐང་ལག་ནས་བཏེག་ཏེ་ནམ་མཁའ་དྭངས་མའི་དབྱིངས་སུ་བཞུད་པར་དེར་འདུས་སྐྱེ་བོ་མང་པོས་མིག་ནས་མཆི་མ་ཟགས། བཙུན་མོ་འོད་འཆང་མ་ས་ལ་འགྱེལ་ནས་དྲན་པ་ཉམས། བདུད་བློན་རྣམས་དབུགས་ཧད་ཧད་ཀྱིས་རྒྱལ་སྲས་གར་བྱོན་ལྟ་བར་བྱེད། ཆོས་བློན་རྣམས་ཀྱིས་ཕྱི་ཕྱག་འཚལ་ནས་བདག་ཅག་ཐམས་ཅད་ཁྱེད་ཀྱིས་འདུལ་བར་ཤོག་ཅེས་སྨོན་ལམ་འདེབས། དེ་ནས་རྒྱལ་སྲས་ལྔ་ལྡན་གྱི་ཡུལ་དུ་ཕེབས་ནས་རྟ་ལས་བབས་ཏེ་རྒྱ་གར་བཀའ་སྐྱོང་གི་བྲག་ཕུག་བྱ་བར་བཞུགས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་པ་ཞག་བདུན་མཛད་ཞེ་བའི་ལྷ་ཚོགས་ཀྱི་ཞལ་གཟིགས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ནས་ཚེ་ཡི་རིག་འཛིན་བརྙེས། དེ་ནས་རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས་སུ་དཔག་ཚད་ལྔ་ཙམ་འདས་རྗེས་དུར་ཁྲོད་བསིལ་བའི་ཚལ་ཞེས་པ་ཡོད། དེའི་དབུས་སུ་ལྷ་ལས་བབས་པའི་མཆོད་རྟེན་བདེ་བྱེད་བརྩེགས་ཞེས་བྱ་བ་ཕྱི་མཆོད་རྟེན་ནང་གཞལ་ཡས་ཁང་རྒྱུ་རིན་ཆེན་སྣ་ཚོགས་ལས་གྲུབ་པ་ཞིག་ཡོད་པ་དེར་གྱི་ལྷ་ཆེན་དང་། ལྷ་སྲིན་སྡེ་བརྒྱད། དཔའ་བོ་མཁའ་འགྲོ་དཔག་མེད་འདུ་བ་དེར་པད་མ་རྒྱལ་པོས་རོ་གསར་རྙིང་མང་པོའི་ཁྲི་ལ་བཞུགས། དབུས་ཀྱི་མཆོད་རྟེན་ལ་སྐུ་རྒྱབ་བརྟེན་ནས་སྒྲུབ་པ་ལྔ་མཛད་པ་དང་། མཁའ་འགྲོ་ཆོས་བསྟན། དེར་མཁའ་འགྲོས་བརྟུལ་ཞུགས་སྤྱོད་པའི་མཆོད་རྟེན་བཞེངས་པ་སོགས་དེ་ལྟ་བུའི་མཛད་པའི་སྐབས་ཀྱི་ཚེས་བཅུ་བཟུང་བའི་ཕན་ཡོན་ནི། ཚེ་འདི་ལ་སྟོབས་རྩལ་དང་ལྡན་ཞིང་སྙན་གྲགས་ཆེ་བ་དང་༔ ལོངས་སྤྱོད་ཆེན་པོ་འཕེལ་བ་དང་༔ རྟ་མཆོག་དྲེའུ་ལ་སོགས་པ་དང་༔ གླང་པོ་ཆེ་དང་༔ བ་གླང་༔ ཐ་ན་ར་ལུག་ཡན་ཆད་འཕེལ་བར་འགྱུར་༔ ཕྱོགས་ངན་རྣམས་སུ་ཕྱིན་ཀྱང་གནོད་པར་མི་ནུས་ཤིང་༔ དཔལ་མགོན་དམ་པ་ཆོས་སྐྱོང་པའི་སྲུང་མ་ཡེ་ཤེས་དང་ལས་ལས་གྲུབ་པའི་ལྷ་བསྲུང་གཉན་པོ་རྣམས་ཀྱིས་སྲུང་སྐྱོབ་དམ་པ་མཛད་པ་དང་༔ རང་ལ་འགོ་བའི་ལྷ་སྲུང་ཀྱིས་གདོང་གྲོགས་རྒྱ་ཆེན་པོ་བྱེད་པར་འགྱུར་རོ༔ མཆོག་གི་དངོས་གྲུབ་ནི༔ ཚེ་ལ་དབང་བའི་རིག་པ་འཛིན་པའི་ས་ནོན་པར་ཐེ་ཚོམ་མེད་དོ༔﹙ཡོས་ཀྱི་ཟླ་བ་སྟེ་ཧོར་ཟླ་གཉིས་པ་ཡིན་པའང་འདུག་﹚
3.དབོ་ཟླའི་ཚེས་10ནི་﹙ཧོར་ཟླ་གཉིས་པ་﹚རྒྱལ་སྲས་པད་ལ་རྒྱལ་པོ་དེ་ཉིད་དགེ་སློང་ཤཱཀྱ་མེ་ཏྲི་དང་། ཤཱཀྱ་བཤེས་གཉེན་བྱ་བ་ཞིག་དང་འཕྲད། དེར་ཁོང་གཉིས་བྲག་དམར་བྱ་སྐྱིབས་ཅན་ཞེས་པར་སློབ་དཔོན་པྲ་བྷ་ཧ་ཏི་བཞུཊ་ཡོད་པས་དེར་ཆོས་ཞུ་བར་འགྲོ་བ་ཡིན་ཞེས་པས་ལྷན་དུ་ཕེབས། སློབ་དཔོན་མཇལ་རྗེས་བདག་ལ་ཚང་སྤྱོད་རབ་བྱུང་གི་ཆོ་ག་བསྟན་དུ་གསོལ་ཞུས་པར། སློབ་དཔོན་གྱིས་ངས་རྣལ་འབྱོར་ཡོ་གའི་རྒྱུད་ཤེས། དེ་དགོས་ན་བདག་གིས་སྦྱིན་པར་བྱ། ཁྱོད་རབ་ཏུ་བྱུང་བར་འདོད་ན་བཅོམ་ལྡན་འདས་ཀྱི་ཉེ་ནས་ཀུན་དགའ་བོ་ཨ་སུ་ར་ཡི་བྲག་ཕུག་ཏུ་བཞུགས་ཡོད་པས་དེར་རབ་ཏུ་བྱུང་ཤིག་གསུངས། དེར་སློབ་དཔོན་གྱི་དྲུང་ནས་བྱིས་པ་འཇུག་པའི་དབང་ལྔ་དང་། ངན་སོང་སྦྱོང་རྒྱུད་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་སོགས་ཡོ་གའི་རྒྱུད་སྡེ་མ་ལུས་པ་ཞུས་ཏེ་ཁོང་དུ་ཆུབ་པར་མཛད། ཡོ་གའི་ལྷ་ཚོགས་ཀྱི་ཞལ་གཟིགས་ཐོབ། དེ་ནས་ཨ་སུ་ར་ཡི་བྲག་ཕུག་ཏུ་ཕེབས། དྲང་སྲོང་ཉི་མ་གུང་པ་དང་ལྷན་གཅིག་ཀུན་དགའ་བོའི་དྲུང་ནས་རབ་ཏུ་བྱུང་བར། ས་ཡི་ལྷ་མོས་ཆོས་གོས་ངུར་སྨེག་ཕུལ་བ་དང་། ཕྱོགས་བཅུའི་སངས་རྒྱས་མདུན་གྱི་ནམ་མཁར་བྱོན་ནས་བསྟན་པའི་མངའ་བདག་ཤཱཀྱ་སེང་གེར་མཚན་གསོལ། འོད་སྲུངས་ཆེན་པོས་དབུའི་ལྕང་ལོ་སིལ་བ་ལ་སྤུ་གྲི་ཁ་ནེལ་ནས་ཕོད་པར་མ་གྱུར་ཏེ་སྤུ་གྲི་བརྡར་བས་མཁའ་འགྲོ་མ་བཞེས་བཟུང་། ཌཱཀྐི་སྒྲ་ཡི་རྣ་བ་ཅན་ཞེས་པས་སྤུ་གྲི་འཕྲོགས་ཏེ་མདུན་གྱི་ནམ་མཁར་བོར་བ་དེར་སྤུ་གྲིས་གཏམས་པའི་མཆོད་རྟེན་ཞེས་པ་བྱུང་། དེ་ནས་འདུལ་ཁྲིམས་ལྡན་པའི་དགེ་སློང་གི་ཆ་ལུགས་འཛིན་པའི་མཛད་པ་དང་རྗེས་འབྲེལ་བའི་ཚེས་བཅུ་བཟུང་བའི་ཕན་ཡོན་ནི། ཚེ་འདི་ཉིན་ལ་རང་གང་འདོད་ཀྱི་དངོས་གྲུབ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་དང་༔ ཚེ་རིང་ཞིང་ནད་མེད་པ་དང་༔ མཉན་པའི་མངའ་ཐང་དང་རྒྱལ་སྲིད་ཆོས་སྲིད་ཐམས་ཅད་དར་བ་དང་༔ གྲངས་མེད་ནས་འདུལ་ཁྲིམས་ཉམས་པའི་སྡིག་སྒྲིབ་ཐམས་ཅད་དག་པ་དང་༔ ཡུལ་ཕྱོགས་དེར་ཡང་དུས་ཀྱི་འཁྲུག་པ་ཐམས་ཅད་ཞི་བ་དང་། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར་རོ་༔ མཆོག་གི་དངོས་གྲུབ་ནི༔ ལོངས་སྐུའི་ཞིང་ཁམས་བགྲོད་པར་ཐེ་ཚོམ་མེད་དོ༔ ཅེས་གསུངས་འདུག﹙འདི་འབྲུག་གི་ཟླ་བ་སྟེ་ཧོར་ཟླ་གསུམ་པ་ཡིན་པར་ཡང་གསུངས་﹚
4.ནག་པ་ཟླ་བའི་ཚེ་བཅུ་﹙ཧོར་ཟླ་གསུམ་པ་﹚ནི་སློབ་དཔོན་ཆེན་པོ་ཟ་ཧོར་གྱི་རྒྱལ་ཁམས་གདུལ་བྱར་གྱུར་པ་གཟིགས། དེ་ཡང་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་ཞེས་པར་བཙུན་མོ་གསུམ་སྟོང་དང་དྲུག་ཅུ་ཡོད་པ་དེའི་ནང་ནས་བཙུན་མོ་ཧུའུ་ཀི་ལ་བུ་མོ་མཚན་དང་ལྡན་པ་ཞིག་བཙས། བྲམ་ཟེ་མཚན་ཁན་ལ་བསྟན་པར་བྲམ་ཟེས། མཚན་བཟང་སུམ་ཅུ་སོ་གཉིས་དཔེ་བྱད་བརྒྱན༔ མཛེས་ཤིང་ལྟ་བས་མཆོག་མི་ཤེས་པ་འདི༔ མི་ཡི་བུ་མིན་ལྷ་ཡི་སྲས་མོ་སྟེ༔ ཡེ་ཤེས་མཁའ་འགྲོ་མ་ནི་མི་ཡུལ་བྱོན༔ འདི་ལ་ཁྱིམ་པའི་བདག་དེ་སུ་ཡིན་པ༔ འཁོར་ལོས་སྒྱུར་བའི་རྒྱལ་པོར་སྨོས་ཅི་དགོས༔ འདི་ནི་ཁྱིམ་མེད་རབ་ཏུ་བྱུང་བ་ན༔ ཚེ་ལུས་གཅིག་གིས་ཟ་ཧོར་ཡུལ་ཁམས་འདྲེན༔ ཞེས་བརྗོད་དེ་མཚན་ལྷ་ལྕམ་མནྡཱར་བར་བཏགས། དེ་ནས་ལྷ་ལྕམ་རིམ་གྱིས་སྐྱེས་བསྲིང་སྐབས་ལང་ཚོའི་མཛེས་པ་ཕྱོགས་ཀུན་ཏུ་ཁྱབ་པར་རྒྱ་དཀར་ནག ཨོ་རྒྱན་སོགས་རྒྱལ་པོ་དུ་མས་གཉེན་སྒྲིག་པར་ཡོང་བར་གཅིག་ལ་སྦྱིན་ན་གཞན་མི་དགའ་བས་ཡབ་ཀྱིས་བུ་མོ་རང་ཉིད་ལ་འདོམས་པར་གྱིས་ཤིག་ཅེས་བསྒོ་བར། བུ་མོས་ལན་གསོལ་བ། འདི་ཕྱི་གཉིས་སྡུག་ཁྱིམ་ཐབ་ང་མི་བྱེད༔ བྱེད་དབང་བྱུང་ན་དམ་པའི་ཆོས་ཤིག་བྱེད༔ བྱེད་དབང་མ་བྱུང་ལུས་འདི་སྤངས་ནས་སུ༔ ཆོས་བྱར་ཡོད་པའི་ལུས་ཤིག་སྨོན་ལམ་འདེབས་༔ ཅེས་པར་ཡབ་རྒྱལ་པོ་མ་དགྱེས་ནས་ལྷ་ལྕམ་གཡོག་མོ་དང་བཅས་པ་ཕོ་བྲང་ཕྱིར་འགྲོ་མི་ཆོག་པའི་བཀའ་བཅད། ལྷ་ལྕམ་ལ་ཐབས་འཇམ་རྩུབ་ཇི་འདྲ་བྱས་ཀྱང་ལྷ་ལྕམ་གྱིས་ཁྱིམ་ཐབ་ལ་འགྲོ་རྒྱུར་ཁས་མ་བླངས་པ་མ་ཟད་ཐ་ན་རང་གི་མཛེས་པའི་བཞིན་ལ་སོར་མོ་འདེབས་པ་དང་། ཟས་མི་གསོལ་བ་སོཊ་བྱས་སྟབས། ཡབ་རྒྱལ་པོས་ལྷ་ལྕམ་མནྡྰར་བ་སླད་ཆོས་བྱེད་པ་ལས་ཁྱིམ་ཐབ་བྱར་མེད་པའི་བརྡ་ཐོ་དང་འབྲེལ་བག་མ་སློང་བའི་ནོར་རྫས་ཕྱིར་སློག་བྱས་ཏེ་བློན་པོ་རྣམས་རང་ཡུལ་དུ་བསློག ལྷ་ལྕམ་ཁོལ་མོ་ལྔ་བརྒྱ་དང་བཅས་པ་མཁན་པོ་ཞི་བ་འཚོའི་དྲུང་དུ་སྡོམ་པ་ཞུར་བཅུག་ནས་ཕོ་བྲང་གི་ལོ྆ཊ་ཤིག་ཏུ་བཞག་ནས་རྒྱལ་བློན་འབངས་དང་བཅས་པས་བསྙེན་ཅིང་བཀུར་བར་མཛད། ཉིན་ཞིག་ལྷ་ལྕམ་འཁོར་བཅས་སྐྱོ་བསང་བྱེད་པའི་སྐབས་སུ་སྐྱེ་ཚལ་གྱི་བར་སྣང་འཇའ་འོད་ཀྱི་ཁྲོད་དུ་ཞི་འཛུམ་གཟི་འོད་ལྡན་པའི་སྤྲུལ་པའི་སྐུ་ལོ་བརྒྱད་ལོན་པའི་ན་ཚོད་ཅན་བརྡ་ཆོས་མང་དུ་མཛད་པ་ཞིག་ལྷ་ལྕམ་གྱིས་མཇལ་བ་དང་། དད་པས་ཡུད་ཙམ་དྲན་མེད་དུ་འགྱེལ། དེ་ནས་ལྷ་ལྕམ་དྲན་པ་རྙེད་ནས་ཁོལ་མོ་ལ་ལར་གདན་ཁྲོ་བཤོམ་དུ་བཅུག ལ་ལར་བྱ་ར་བྱེད་པར་བཏང་ནས་སློབ་དཔོན་ཕོ་བྲང་དུ་གདན་དྲངས་ཞབས་གཏོགས་ལེཊ་པར་ཞུས་ནས་སློབ་དཔོན་ལ་ཆོས་གསུངས་པར་བསྐུལ་བས་སློབ་དཔོན་གྱིས་ཆོས་འཁོར་སྐོར་བཞིན་བཞུགས་པ་དེ་བ་གླང་འཚོལ་མཁན་རྫི་བོ་ཞིག་གིས་མཐོང་བ་དེ་རིམ་གྱིས་ཡུལ་དེར་ཁྱབ་ནས་རྒྱལ་པོའི་སྙན་དུ་གསན། རྒྱལ་པོས་བློན་པོ་བཏང་ནས་དགེ་སྦྱོང་དེ་ཁྲིད་ཤོག་གསུངས་པར། བློན་པོ་ཚོས་ལྷ་ལྕམ་བཞུགས་སའི་ཕོ་བྲང་གི་སྒོ་སྟ་རེས་བཤག་ནས་ནང་དུ་འཛུལ་སྐབས་རིན་པོ་ཆེའི་ཁྲི་སྟེང་དུ་སྐུ་ལྟ་བའི་མི་བཟོད་པ་གསུངས་ཚངས་པའི་དབྱངས་ཀྱིས་ཆོས་ལྷང་ལྷང་གསུངས། ལྷ་ལྕམ་འཁོར་བཅས་ཐལ་སྦྱར་མཆི་མ་ཕྱུང་ནས་ཡོད་པར། བློན་པོས་འཇུ་བར་མ་ནུས་ཤིང་རྒྱལ་པོ་ལ་དགེ་སྦྱོང་དེ་ནི་རྣམ་ཐོས་ཀྱི་བུའམ་ཚངས་པའི་བུ་ཞིག་དང་འདྲ་བ་དང་། ལྷ་ལྕམ་གྱི་བླ་མ་ཡིན་འདུག་ཞུས་པར་རྒྱལ་པོ་རབ་ཏུ་ཁྲོས་པས་མཐའ་མི་དེས་ང་ཡི་བུ་མོར་སྨྲ་འབེབས་པའི་བྱ་བ་བྱས་སྟབས་གསོན་བསྲེགས་བྱེད་དགོས་པ་དང་། ལྷ་ལྕམ་ཁྱིམ་ལ་བཏང་དུས་མི་འགྲོ་བ་ད་ནི་མཐའ་མི་འཁྱམ་པོ་ལ་བསྡེབས་པས་ས་དོང་བྲུས་ནས་ཚེར་མའི་སྟན་གོས་ཀྱི་བར་དུ་མི་ལོ་ཉི་ཤུ་རྩ་ལྔ་ཞོག་ཅེས་བཀའ་ཕབས། དེ་ནས་དམག་དཔོན་དང་ཕོ་ཉས་ལྷ་ལྕམ་གྱི་ཕོ་བྲང་དུ་ཕྱིན་ནས་དགེ་སྦྱོང་ཁྱེད་ཀྱིས་ལྷ་ལྕམ་གྱི་ལུས་བསླད་པས་མི་རིགས་པ་བྱས་སོ་ཞེས་བརྗོད་པར་ལྷ་ལྕམ་གྱིས་རྒྱལ་བའི་སྲས་འདི་ང་ཡི་བླ་མ་ཡིན་ང་ལ་འཇིག་རྟེན་སྐྱོན་གྱིས་གང་ཡང་གོས་པ་མེད་ཅེས་སྨྲས་ཀྱང་ཕན་པ་མེད་པར་ཕོ་ཉ་རྣམས་སློབ་དཔོན་གྱི་སྟེང་དུ་ཤོར་ནས་ཕྱག་རྒྱབ་ཏུ་བསྡམས། མགུལ་ལ་ཐག་པ་བཏགས་རྟ་པ་རྣམ་ཀྱི་དཀྱིལ་དུ་བཅུག་ནས་ལུང་པའི་གསུམ་མདོ་ཐང་སྟོང་ཞིག་ཏུ་ཙནྡ་གྱིས་བྱུག་པ་སློབ་དཔོན་གྱི་སྐུ་ལ་དམ་དུ་བཅིངས། དེའི་མཐར་ཏ་ལའི་ལོ་མ་སོགས་དེའུ་ཙམ་ཞིག་བརྩིགས་ཕྱོགས་བཞི་ནས་མེ་སྤར་བས་དུད་སྤྲིན་གྱིས་ལུང་པ་འགེངས་པ་བྱས་ནས་གཤེད་མ་དེ་དག་སླར་ལོག དེར་ཞག་བདུན་སོང་ནས་དུ་བ་མ་ཆད་པས་རྒྱལ་བློན་རྣམས་ལྟ་བར་འབྱོར་སྐབས་ས་ཕྱོགས་དེ་ཉིད་རྒྱ་མཚོར་གྱུར་པའི་མཐའ་ལ་མེ་འོབས་ཀྱིས་བསྐོར་བ་དང་། རྒྱ་མཚོའི་དཀྱིལ་དུ་པད་མའི་སྡོང་པོ་སྐྱེས་ཤིང་པད་སྟེང་དུ་ཁྱེའུ་ལོ་བརྒྱད་ལོན་པའི་ན་ཚོད་ཅན་སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་འདྲ་བ་སྐུ་ཟིལ་པ་ཁྲོམ་མེར་འཇའ་འོད་ཀྱི་དཀྱིལ་དུ་བཞུགས་པར། ལྷ་ལྕམ་འདྲ་བའི་བུ་མོ་བརྒྱ་ཡིས་བསྟོད་པ་འབུལ་བཞིན་ཡོད་པ་མཇལ་སྐབས་རྒྱལ་པོས་རང་ཉིད་མིག་འཁྲུལ་པ་ཡིན་ནམ་སྙམ་ནས་ཕྱགས་ཀུན་ནས་བལྟས་ཀྱང་དེ་ལྟར་མཇལ། དེ་སྐབས་ཁྱེའུ་ཞལ་ནས་འདི་སྐད་གསུངས། དུས་གསུམ་སངས་རྒྱས་ངོ་བོ་བླ་མ་ལ༔ གསོན་བསྲེགས་བྱེད་པའི་སྡིག་རྒྱལ་བྱོན་ལགས་སམ༔ འཇིག་རྟེན་བསླུ་བྱེད་ཆོས་ལ་རབ་ཆགས་ནས༔ དོན་མེད་ཁྲིམས་འཇུག་སྡིག་རྒྱལ་བྱོན་ལགས་སམ༔ མ་རིག་རྩ་བ་ཉོན་མོངས་དུག་ལྔ་ལ༔ འཕྲལ་ཕུག་གནས་པའི་སྡིག་རྒྱལ་བྱོན་ལགས་སམ༔ འདུན་མའི་རྩ་བ་སེམས་ཅན་མགུ་བྱེད་ལ༔ མི་དགེས་རྒྱགས་པའི་རྒྱལ་བློན་བྱོན་ལགས་སམ༔ ཅེས་གསུངས་པར་རྒྱལ་པོ་འགྱོད་པས་ས་ལ་འགྱེལ། དེའི་སྐབས་སློབ་དཔོན་མེས་མ་མཆིགས་པའི་གནས་ཚུལ་ཕྱོགས་ཀུན་ཏུ་ཁྱབ་ནས་དཔག་ཚད་བརྒྱ་སྟོང་གི་ལམ་ནས་སྐྱེ་བོ་མང་པོ་འདུས་པར་གྱུར། རྒྱལ་པོ་ནོངས་འགྱོད་དྲག་པོས་ཕོ་བྲང་ནས་ཟ་ཧོར་རྒྱལ་པོའི་ཆས་བླངས་ནས་སློབ་དཔོན་ལ་གསོལ་སློབ་དཔོན་ཤིང་རྟར་བཞུགས་པར་ཞུས་ནས་རྒྱལ་པོ་ཉིད་ཀྱི་ཤིང་རྟའི་ཐག་པ་དྲངས་ནས་ཕོ་བྲང་དུ་ཕེབས། སློབ་དཔོན་རིན་པོ་ཆེའི་ཁྲི་ལ་བཞུགས་སུ་གསོལ་ལྷ་ལྕམ་མནྡཱར་བ་ཚེར་དོང་ནས་བཏོན་ནས་སློབ་དཔོན་གྱི་ཞལ་མཇལ་དེ་ལྟ་བུའི་མཛད་པ་དང་འབྲེལ་བའི་ཚེས་བཅུའི་དུས་མཆོད་བཟུང་བའི་ཕན་ཡོན་ནི། ཕྱོགས་གང་དུ་འགྲོ་ཡང་བསམ་དོན་རྩོལ་མེད་དུ་འགྲུབ། བཀྲ་ཤིས་བྱིན་ཆགས༔ མི་མཐོང་ཆེ་ཞིང་འདོད་དགུ་ལྷུན་གྲུབ་ཏུ་འབྱུང༔ སྐྱེ་འགྲོ་ཀུན་གྱི་ཡིད་དུ་འོང༔ བསགས་ཚད་ནོར་གྱི་སྙིང་པོ་ཡོངས༔ སྦྱིན་ཚད་སྦྱིན་པའི་གྲོགས་སུ་འགྲོ༔ ས་ཕྱོགས་དེ་རུ་བཀྲ་ཤིས་རྟགས་མཚན་བཟང་པོ་མྱུར་དུ་འབྱུང་བར་འགྱུར་རོ༔ མཆོག་གི་དངོས་གྲུབ་ནི༔ ཚེ་ལ་དབང་བའི་རིག་འཛིན་གྱི་ས་ནོན་པར་ཐེ་ཚོམ་མེད་དོ་﹙འདི་སྦྲུལ་གྱི་ཟླ་བ་སྟེ་ཧོར་ཟླ་བཞི་པ་ཡིན་པ་གསུངས་པའང་ཡོད་﹚
5.ས་ཟླའི་ཚེས་བཅུ་﹙ཧོར་ཟླ་བཞི་པ་﹚ནི་ཨོ་རྒྱན་གྱི་ཡུམ་དུ་ལྷ་ལྕམ་མནྡར་བ་དང་ཡབ་ཡུམ་ལྷན་ཅིག་ཞག་བདུན་དུ་མེ་ལ་བསྲེགས་པས་མ་ཚུགས་པའི་དུས་ཡིན། དེ་ནི་ཨོ་རྒྱན་གྱི་ཡུལ་ཁམས་གདུལ་བྱར་གཟིགས་ནས་སློབ་དཔོན་དང་ལྷ་ལྕམ་ལྷན་དུ་ཨོ་རྒྱན་ཡུལ་དུ་ཕེབས་ནས་བསོད་སྙོམ་མཛད་པ་ན། སྔར་གྱི་བློན་པོ་སོགས་ཀྱིས་པད་མ་རྒྱལ་པོ་ཡིན་པར་ངོ་ཤེས་ནས་འདིས་སྔར་ཡང་བློན་པོའི་བུ་དང་ཨུ་པ་ཏ་ཡི་བུ་སྨད་གཉིས་བསད་པ་དང་། བཙུན་མོའི་མཆོག་གྱུར་འོད་འཆང་མ་ལྟ་བུ་དོར་ནས་སྤྲང་མོ་ཞིག་དང་བསྡེབས་ནས་ཡུལ་དུ་བྱུང་བས། ད་ཡང་འདིས་གནོད་པ་ཅི་བྱེད་མི་ཤེས་ཟེར་བློན་པོ་རྣམས་འདུས་ཏེ་རྒྱལ་པོ་ལ་དྲངས་གཏམ་མ་ཞུས་པར། ཉེ་འཁོར་ཁྱིམ་དུད་ནས་ཤིང་ཁུར་པོ་རེ་དང་ཏིལ་མར་བྲེ་རེ་བསྡུས་ཏེ་སློབ་དཔོན་ཡབ་ཡུམ་ལྷན་དུ་བཅིངས་ནས་མེར་བསྲེགས། དེར་ཞག་ཉེར་གཅིག་བར་དུ་དུ་བ་མ་ཆད། དེར་རྒྱལ་པོས་བལྟོས་ཤོག་ཅེས་བསྐུལ་བ་བློན་པོ་ཚོས་འགྲོ་མ་ནུས། རྒྱལ་པོ་དང་བཙུན་མོ་འོད་འཆང་མ་སོགས་ལྟ་རུ་ཡོང་སྐབས། ཏིལ་མར་ཞིང་དོར་གཅིག་ཙམ་མཚོ་འཁྱིལ་བའི་དབུས་སུ། སོལ་བའི་གུར་ཆེན་སྟེང་དུ་མེ་ཏོག་པད་མའི་སྡོང་པོ་སྐྱེས་པད་མའི་སྟེང་དུ་ཡབ་ཡུམ་གཉིས་སྐུ་མཆོག་བསིལ་ངད་ལྡན་པ། འགྲོ་བ་རྣམས་ཐུགས་རྗེས་བསྒྲལ་བའི་ཕྱིར་ཐོད་པའི་ཕྲེང་བ་སྐུ་ལ་གསོལ་ནས་བཞུགས་པར་རྒྱལ་པོ་ལ་སོགས་ཚང་མ་ངོ་མཚར་སྐྱེས་ནས་ཨོ་རྒྱན་ཡུལ་གྱི་སྐྱེ་བོ་མང་དུ་འདུས། དེར་ས་ཡི་ལྷ་མོ་བརྟན་མ་འཁོར་བཅས་ཀྱིས་ཏམྦུརའི་རྒྱུད་མང་བསྒྲེངས་ནས། ཧཱུཾ་རྒྱ་མཚོར་སྐུ་འཁྲུངས་ཨོ་རྒྱན་ཡུལ་དུ་བྱོན༔ རྒྱལ་པོའི་སྲས་མཛད་རྫུ་འཕྲུལ་སྣ་ཚོགས་བསྟན༔ འཁོར་བར་མ་ཆགས་ཐབས་ཀྱིས་རོལ་རྩེད་མཛད༔ པད་མ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ སོགས་ཀྱིས་བསྟོད་པ་ཕུལ་ནས་གཡས་ཕྱོགས་སུ་ལན་གསུམ་སྐོར་བ་བྱས་ནས་མདུན་དུ་ཕྱག་བྱས་ཏེ་ས་ལ་ཐིམ་པར་གྱུར། དེ་ནས་རྒྱལ་པོས་སློབ་དཔོན་ཡབ་ཡུམ་ཕོ་བྲང་དུ་གདན་དྲངས། སློབ་དཔོན་གྱིས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཤད་སྒྲུབ་བཙུགས་པར་མཛད་དེ་ཨོ་རྒྱན་གྱི་རྒྱལ་ཁམས་ཆོས་ལ་བཀོད་པར་མཛད་རྒྱལ་པོ་ཨིནྡྲ་བོ་རྡི་ཚོམ་བུ་ལྔ་བརྒྱ་དང་བཅས་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པར་གྱུར་པའི་མཛད་པ་དང་འབྲེལ་བའི་ཚེས་བཅུའི་དུས་མཆོད་བཟུང་བའི་ཕན་ཡོན་ནི། ཚེ་འདི་ཉིད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲུང་མ་རྣམས་ཀྱིས༔ སྲུང་སྐྱོབ་དང་གདོང་གྲོགས་རྒྱ་ཆེན་པོ་བྱེད་པར་འགྱུར་རོ༔ རླུང་མཁྲིས་བད་ཀན་ལ་སོགས་འདུས་པའི་ནད་ཐམས་ཅད་ཞི་བ་དང་༔ སྟོབས་མངའ་བ་དང་༔ ཞི་བའི་ལས་འགྲུབ་པ་དང་༔ རིགས་བརྒྱུད་དང་ཆོས་རྒྱུད་ཐམས་ཅད་དར་ཞིང་རྒྱས་པ་དང་༔ ཡུལ་ཕྱོགས་དེར་ཡང་བཀྲ་ཤིས་བྱིན་ཆགས༔ བདེ་སྐྱིད་ཕུན་ཚོགས་པར་འགྱུར་རོ༔ མཆོག་གི་དངོས་གྲུབ་ནི༔ ཚེ་འདི་ཉིད་ལ་རྣམ་པར་སྨིན་པའི་རིག་པ་འཛིན་པའི་ས་བགྲོད་པར་འགྱུར་རོ༔ ﹙འདུ་རྟའི་ཟླ་བ་སྟེ་ཧོར་ཟླ་ལྔ་པ་ཡིན་པ་གསུངས་པའང་སྣང་﹚
6.སྣྲོན་ཟླའི་ཚེས་བཅུ་﹙རྒྱ་རྩིས་ཀྱི་སྤྲེལ་ཟླ་བ་ཧོར་ཟླ་ལྔ་པ་﹚ནི་སློབ་དཔོན་གྱིས་མུ་སྟེགས་ཀྱི་བསྟན་པ་བསྣུབ་པའི་ཕྱིར་ལྷོ་ཕྱོགས་མཐར་སྐྱེས་ཀྱི་གྲོང་དུ་ཕེབས་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱ་དང་བགྲོ་གླེང་མཛད་པས་མུ་སྟེགས་ཅན་དེ་དག་གིས་མ་ཐུབ་སྟབས་ཁོ་པ་ཚོ་དང་མཐུ་འགྲན་པར་བྱ་དགོས་ཟེར་བར། སློབ་དཔོན་གྱིས་ནགས་ཁྲོད་དུ་ཕེབས་ནས་སྒྲུབ་པ་མཛད་སྐབས། མཁའ་འགྲོ་བདུད་འདུལ་མ་ཡིས་སློབ་དཔོན་ལ་སྲོག་སེར་གཏད་དང་བཅས་པའི་མཁའ་འགྲོའི་ངན་སྔགས་བསེ་ཡི་སྒྲོམ་བུ་གནང་ནས་མུ་སྟེགས་ཅན་ཐུལ་ཅིག་ཅེས་བསྒོ་བར་མཛད་པ་ལྟར། སློབ་དཔོན་གྱིས་ཐོག་ཕབ་ནས་མུ་སྟེགས་པ་མང་ཆེ་བ་མེས་ཚིག་པ་དང་ལྷག་མ་གསོན་པོར་གནས་པ་རྣམས་ནང་པ་སངས་རྒྱས་པའི་བསྟན་པ་ལ་འཇུག་པར་མཛད་པ་དང་། རྗེས་སུ་འབྲེལ་བའི་ཚེས་བཅུའི་དུས་མཆོད་བཟུང་བའི་ཕན་ཡོན་ནི། སངས་རྒྱས་རབ་བཀྲམ་མང་པོ་ལ་མཆོད་བསྟོད་བྱས་པ་དང་མཉམས༔ སྟོང་གསུམ་གྱི་སྟོང་ཆེན་པོ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ རིགས་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་ལ༔ སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེའི་བྱེ་བྲག་དང་དར་ཟབ་བམ་འདོད་དགུའི་བྱེ་བྲག་སྣ་ཚོགས་ཀྱི་མཆོད་པས་དུས་མཆོད་འདིའི་བསོད་ནམས་བརྗོད་ལས་འདས༔ ཡུལ་ཕྱོགས་ཐམས་ཅད་དུ་བྱད་དང་བྱུར་སྐལ་ངན་པ་སོགས་མི་འབྱུང་ཞིང་༔ ནད་མཚོན་དང་དུས་ཀྱི་འཁྲུག་པ་སོགས་མི་འབྱུང་ཞིང་། བཀྲ་ཤིས་བྱིན་ཆགས་བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར་རོ༔ མཆོག་གི་དངོས་གྲུབ་ནི༔ སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་སྟོན་པའི་གཙོ་བོ་རྒྱལ་བ་ཀུན་ཏུ་བཟང་པོ་ལྟ་བུར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ ﹙འདི་ལུག་གི་ཟླ་བ་སྟེ་ཧོར་ཟླ་དྲུག་པ་ཡིན་པའང་གསལ་﹚
7.ཆུ་སྟོད་ཟླ་བའི་ཚེས་བཅུ་﹙ཧོར་ཟླ་དྲུག་པ་﹚ནི།སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་ལས་ཅན་ཀྱི་རྒྱལ་པོ་ཨིནྡྲ་བོ་རྡིར་བུ་མེད་པས་ཡིན་མྱ་ངན་གྱིས་གནོན་པ་དེའི་མྱ་ངན་སེལ་བའི་བུ་ཚབ་དང་། རྒྱ་བོད་རྩུབ་འགྱུར་ཅན་གྱི་ལྷ་འདྲེ་མི་སུན་པ་དེ་དག་འདུལ་བར་རྫུས་སྐྱེས་ཀྱི་སྤྲུལ་སྐུ་ཞིག་ཕེབས་ན་བསྟན་པ་དང་འགྲོ་བར་ཕན་པ་རྒྱ་ཆེན་ཡོང་བ་གཟིགས་ནས། ཨོ་རྒྱན་གྱི་ཡུལ་རྡ་ན་ཀོ་ཤའི་མཚོ་གླིང་རྒྱ་མཚོ་དྲི་མེད་མདངས་ལྡན་ཞེས་སྔོ་ཞིང་དྭངས་ལ་རེག་བྱ་བསིལ་ཆུ་དེ་བཏུངས་པས་སྒྲིབ་པ་སྦྱང་པ། ཁྲོ་གཏུམ་ཞི་བ་སོགས་ཡོན་ཏན་དུ་མས་ཕྱུག་པ་དེའི་དཀྱིལ་དུ་མེ་ཏོག་ཨུ་དུ་མྺརའི་ཚལ་གྱི་ཁྲོད་དུ་བྲམ་ཟེའི་རིགས་ཀྱི་མེ་ཏོག་དམར་པོའི་ནང་དུ་སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་ས་བོན་ཧྲཱི༔ ཡིག་འོད་དུ་ཞུ་བས་མཚན་བཟང་སུམ་ཅུ་རྩ་གཉིས་ཀྱི་རྟགས་རྣམས་ཚང་བའི་ངོ་མཚར་སྤྲུལ་པའི་སྐུ་མཆོག་པདྨ་འབྱུང་གནས་སྐུ་བལྟམས་པར་མཛད་པའི་ཚེས་བཅུའི་དུས་མཆོད་བཟུང་བའི་ཕན་ཡོན་ནི། མི་རེ་རེའི་དྲུང་དུ་གུ་རུ་པདྨ་འབྱུང་གནས་རེ་རེ་བྱོན་ནས༔ སྐལ་ལྡན་རབ་འབྲིང་ཐ་གསུམ་ལ་དག་སྣང་མ་ངེས་སྣ་ཚོགས་སྟོན༔ སྐལ་ལྡན་རབ་ལ་མངོན་གསུམ་ཞལ་མཇལ༔ ཆོས་གསུང་ལུང་སྟོན༔ རབ་འབྲིང་ཐ་མ་དག་ལའང་དེ་བཞིན་དུ༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ནད་གདོན་རྐྱེན་ངན་བར་ཆད་ཐམས་ཅད་ཞི་ནས༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་ཐམས་ཅད་རྒྱས་པར་འགྱུར་རོ༔ གདོན་བགེགས་དང་འབྱུང་པོ་གང་གིས་ཀྱང་གླགས་མི་རྙེད་ཅིང་༔ བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་སོགས༔ སངས་རྒྱས་ཐེར་འབུམ་མང་པོར་བཀུར་སྟི་དང་མཆོད་བསྟོད་བྱས་པ་དང་མཉམ་ལ་༔ མི་བརྗེད་པའི་གཟུངས་ཐོབ་པ་དང་༔ མཆོག་གི་དངོས་གྲུབ་ནི༔ གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་དབྱེར་མེད་དུ་བཅུ་དྲུག་བླ་མའི་ས་ནོན་པ་ལ་ཐེ་ཚོམ་མེད་དོ༔﹙འདི་སྤྲེལ་ཟླ་བ་སྟེ་ཧོར་ཟླ་བདུན་པ་ཡིན་པའང་གསུངས་﹚
8. གྲོ་བཞིན་ཟླ་བའི་ཚེས་བཅུ་﹙ཧོར་ཟླ་བདུན་པ་﹚ནི་སློབ་དཔོན་ཆེན་པོས་མུ་སྟེགས་ཀྱི་སྟོན་པ་ཕམས་པར་མཛད་པར་ཟངས་གླིང་གི་མུ་སྟེགས་རྒྱལ་པོ་འཁོན་འཛིན་སྐྱེས་ནས་སློབ་དཔོན་བཟུང་ནས་ཟངས་ཆེན་ཁ་སྦྱོར་དུ་བཅུག དམ་པོའི་ལྕགས་ཟེར་གྱིས་ཟངས་ཁ་སྦྱར་ཏེ་ཆུ་ཀླུང་ཆེན་པོར་བསྐྱུར་བར་སློབ་དཔོན་ཟངས་ཀྱི་ཕྱི་ལ་ཕེབས་ནས་ནམ་མཁར་གཤེགས། ཆུ་ཀླུང་གིས་ཟངས་མ་ཁྱེར་བར་ཆུ་བོ་ཡར་འཁྱིལ་ནས་རྒྱལ་པོའི་ཕོ་བྲང་འཇིགས་པར་ཉེ་བ་ན། མུ་སྟེགས་རྒྱལ་བློན་དག་གིས་སློབ་དཔོན་ལ་བཟོད་གསོལ་དང་སྐྱབས་སུ་སོང་བས་དེ་དག་ནང་པའི་བསྟན་པ་ལ་འཇུག་པར་མཛད་པ་དང་རྗེས་སུ་འབྲེལ་བའི་ཚེས་བཅུ་བཟུང་བའི་ཕན་ཡོན་ནི། བུ་ནོར་དང་འབྲུའི་བང་མཛོད་འཕེལ་བ་དང་༔ གདུལ་བྱའི་བུ་སློབ་མང་བ་དང་༔ བྲན་གཡོག་ཚུན་ཆད་ཐམས་ཅད་མངའ་ཐང་རྒྱས་པ་དང་༔ ལོངས་སྤྱོད་འདོད་དགུ་ཐམས་ཅད་ཆར་བཞིན་དུ་འབབ་པ་དང་༔ ལུས་ལ་ནད་དཀོན་ཞིང་ཚེ་རིང་བ་དང་༔ སྐྱེ་འགྲོ་ཀུན་གྱི་ཡིད་དུ་འོང་ཞིང་བསམ་པའི་དོན་ཀུན་རྩོལ་མེད་དུ་འགྲུབ་པར་འགྱུར་རོ༔ རྒྱས་པའི་ལས་འགྲུབ་ངག་ལ་ནུས་པ་ཐོན་ནས་༔ ངག་གི་བདེན་པ་འགྲུབ་པ་དང་༔ ཡིད་བདེ་ཞིང་སེམས་ལ་ཉམས་རྟོགས་བཟང་པོ་ཁྱད་པར་ཅན་སྐྱེ་བར་འགྱུར་རོ༔ མཆོག་གི་དངོས་གྲུབ་ནི༔ ཚེ་འདི་ལ་ལོངས་སྤྱོད་རྫོགས་སྐུའི་ས་ནོན་པར་ཐེ་ཚོམ་མེད་དོ༔﹙འདི་བྱ་ཡི་ཟླ་བ་སྟེ་ཧོར་ཟླ་བརྒྱད་པ་ཡིན་པའང་གསུངས་﹚
9.ཁྲུམས་ཟླའི་ཚེས་བཅུ་ ﹙ཧོར་ཟླ་བརྒྱད་པ་﹚ནི་སློབ་དཔོན་ལ་མུ་སྟེགས་ཀྱི་སྟོན་པ་དང་།ལངྐའི་རྒྱལ་པོ་རྣམས་ཀྱིས་ཟས་དུག་ཅན་དང་། མཐོང་བའི་དུག་དང་། རེག་པའི་དུག རྫི་དུག་སོགས་དུག་རིགས་སྣ་ཚོགས་ལ་རྟེན་ནས་སྐུ་དཀྲོང་པར་འདོད་པ་ལ། དུག་རིགས་དེ་དག་གང་གིས་ཀྱང་སློབ་དཔོན་གྱི་སྐུ་ལ་གནོད་མ་ཐུབ་པ་མ་ཟད་སྐུའི་གཟི་མདངས་ཆེས་ཆེར་རྒྱས་པར་གྱུར་པའི་མཛད་པ་དང་རྗེས་སུ་འབྲེལ་བའི་ཚེས་བཅུའི་དུས་མཆོད་བཟུང་བའི་ཕན་ཡོན་ནི། ལོ་ཟླ་ཞག་དུས་ཀྱི་བགེགས་རིགས་ཐམས་ཅད་དང་༔ དུས་ངན་ལ་སོགས་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་དང་༔ རྨི་ལྟས་ངན་པ་ལ་སོགས་མི་མཐུན་པའི་ལྟས་ངན་དང་༔ རླུང་རྟ་བླ་གཟའ་རྒུད་པ་ལ་སོགས་ཉམས་པ་ཐམས་ཅད་སོར་ཆུད་ནས༔ ཚེ་བསོད་དཔལ་འབྱོར་རྒྱས་པ་འགྱུར་རོ༔ ནད་གདོན་སྡིག་སྒྲིབ་ལ་སོགས་བཀྲ་མི་ཤིས་པ་ཀུན་ཞི་བ་དང་༔ མཚན་དང་དཔེ་བྱད་མང་པོས་བརྒྱན་པའི་སྐུ་ཐོབ་ཅིང་༔ མུ་སྟེགས་རྩོད་པའི་གཡུལ་ལས་རྒྱལ་བ་དང་༔ བན་དགྲ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ༔ མཆོག་གི་དངོས་གྲུབ་ནི༔ འོག་མིན་རྡུལ་བྲལ་ཞིང་ཁམས་སུ༔ གདོད་མའི་ས་ལ་ལྷུན་གྲུབ་འགྱུར་རོ﹙འདི་ཁྱིའི་ཟླ་བ་སྟེ་ཧོར་ཟླ་དགུ་པ་ཡིན་པའང་གསུངས་འདུག་﹚
10.ཐ་སྐར་ཟླ་བའི་ཚེས་བཅུ་﹙ཧོར་ཟླ་དགུ་བ་﹚ནི་ཨོ་རྒྱན་པདྨ་འབྱུང་གནས་རྒྱ་གར་དང་བལ་པོ་གཉིས་ཀྱི་ས་མཚམས་སུ་བྱོན་ཏེ་སེང་གེ་གནམ་མཆོང་འདྲ་བའི་རི་ལ་བཞུགས་ནས་རིག་པའི་རྩལ་སྦྱོང་བཞིན་ཡོད་པར། སྔར་བལ་པོའི་རྒྱལ་པོའི་བཙུན་མོ་ཞིག་ལ་བུ་མོ་སྐྱེས་ནས་བཙུན་མོ་གྲོངས་པ་དེའི་རོ་དང་བུ་མོ་མཉམ་དུ་བསྐྱལ་བ་ལས་སྤྲེའུ་ཞིག་གིས་བུ་མོ་དེ་ཉིད་གསོས་པས་ཉིན་པར་ཤིང་རྩེར་ཤིང་ཐོག་ཟ་བ་དང་། མཚན་མོ་བྲག་སྟེང་དུ་ཤིང་ལོ་གྱོན་ནས་ཉལ་སྡོད་པ། བལ་མོ་ཤཱཀྱ་དེ་བ་ཞེས་བྱ་བ་རྐང་ལག་གི་སོར་མོ་ངང་པ་བཞིན་དུ་འབྲེལ་བ། མཚན་ལྡན་གྱི་རིག་མ་དེ་ཉིད་ཁྲིད་ནས་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཕེབས་ཏེ་གཏེར་ཁ་བྱེ་བ་འབུམ་ཁྲི་སྦས་པར་རྩོམ་པ་ན་བར་ཆད་རྣམ་པ་བཞི་བྱུང་སྲོད་ལ་བྱི་དུར་གློག་མ་སྤྲིན་ཞེས་པ་དེས་བྱུང་ནས་དགོངས་པ་བཤིག་པར་བྱེད་པ་དང་གནམ་ལ་ཆར་མེད་ཉི་མ་མེ་བཞིན་འབར། གུང་ལ་བདུད་ཀྱི་ཁ་ཏོན་བྱེད་ཚུལ་དུ་བྱུང་ནས་དགོངས་པ་བཤིག་པ་དང་། བལ་ཡུལ་ལ་མུ་གེ་སྤྲིན་དམར་བཞིན་དུ་འཁྲིགས། ཐོ་རངས་ཇོ་བོ་ཤང་བྱ་ཅན་བྱུང་ནས་དགོངས་པ་བཤིག་ནས་བལ་ཡུལ་དུ་མི་རོ་ལུད་ཕུང་བཞིན་དུ་སྐྱེལ། ཉིན་པར་དམ་སྲི་དུ་མ་བྱུང་ནས་མི་ནད་དང་ཕྱུགས་ནད་བཏང་བཀྲ་མི་ཤིས་པར་བྱས་པར་སློབ་དཔོན་གྱིས་རྡོ་རྗེ་ཕུར་པའི་སྒྲུབ་པ་མཛད་བལ་ཡུལ་གྱི་ལྷ་འདྲེ་རྣམས་དམ་ལ་འདོགས་པར་མཛད། བལ་ཡུལ་དུ་ཆོས་ཀྱི་འཁོར་ལོ་བསྐོར། ས་སྟེང་ཤོག་སེར་གྱིས་བཀང་བའི་དུས་བཟང་ཀྱི་ཚེས་བཅུའི་དུས་མཆོད་བཟུང་བའི་ཕན་ཡོན་ནི། འགལ་རྐྱེན་བཀྲ་མི་ཤིས་ཀུན་ཞི་ནས༔ གཤིན་རྗེའི་འཁོར་ལོ་སྐོར་བ་དང་༔ མ་མོའི་ཡམས་ནད་ཐམས་ཅད་དང་༔ འབྱུང་པོའི་རིམ་ནད་ཐམས་ཅད་དང་༔ ཁང་སེལ་ཞིང་སེལ་དང་༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་༔ གློ་བུར་བདུན་བརྒྱ་ཉི་ཤུ་དང་༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་དང་༔ དུས་མིན་འཆི་བ་རྣམ་བརྒྱད་སོགས༔ འབྱུང་པོ་མི་མ་ཡིན་གྱི་གནོད་པ་ཐམས་ཅད་ལས་སྐྱོབ་པར་འགྱུར༔ མཆོག་གི་དངོས་གྲུབ་ནི༔ ལྷུན་གྱི་གྲུབ་པའི་རིག་པ་འཛིན་པའི་ས་ནོན་པ་ཐེ་ཚོམ་མེད་དོ༔ ﹙འདི་ཕག་གི་ཟླ་བ་སྟེ་ཧོར་ཟླ་བཅུ་པ་ཡིན་པའང་གསུངས་﹚
11.སྨིན་དྲུག་བའི་ཚེས་བཅུ་﹙ཧོར་ཟླ་བཅུ་བ་﹚ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་པར་ལྷ་སྲིན་རྣམས་ཀྱིས་བར་ཆད་བརྩམས་པར་མཁན་ཆེན་ཞི་བ་འཚོའི་བཀའ་ལུང་བཞིན་ཨོ་རྒྱན་པད་མ་འབྱུང་གནས་བོད་ཡུལ་དུ་གདན་དྲངས་པར་ལམ་དུ་བོད་ཀྱི་ལྷ་སྲིན་ཞང་ཞུང་དགྲ་བླ་སྲིན་ཛ་མུན་ཞེས་པས་སློབ་དཔོན་རི་བྲག་གི་བར་དུ་བཅར་བ་དང་། བསྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས་ཀྱིས་ཐོག་ཕབ་པ། ཤམ་པོས་གཡག་དཀར་རི་ལོགས་ཙམ་ཞིག་ཏུ་སྤྲུལ་པ། ཐང་ལྷས་མགོ་བོ་གྲུ་གུའི་ཡུལ་དུ་སླེབས་པ་ལ། མཇུག་མ་ཁམས་ཀྱི་སོགས་ཆུ་གཡེར་ཐང་དུ་བསླེབ་པའི་སྤྲུལ་པ་སོགས་བོད་ཀྱི་ལྷ་སྲིན་རྣམས་ཀྱིས་ཐོ་མཚམས་པར་སློབ་དཔོན་གྱིས་དགོངས་པས་ཟིལ་གྱིས་གནོན་ནས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་འཛུགས་པའི་མཛད་པ་དང་འབྲེལ་བའི་ཚེས་བཅུའི་དུས་མཆོད་བཟུང་བའི་ཕན་ཡོན་ནི། ཚེ་རབས་གྲངས་མེད་ཀྱི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང་༔ ཉན་ཐོས་ཀྱི་འདུལ་ཁྲིམས་ཉམས་པ་རྣམས་དང་༔ བྱང་ཆུབ་སེམས་དཔའི་བསླབ་བྱ་ཉམས་པ་དང་༔ གསང་སྔགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་དག་པར་འགྱུར་རོ༔ རྫོགས་པའི་སངས་རྒྱས་རྣམས་དང་གང་ཟག་རྣམས་ལ་བསྐུར་བ་བཏབ་པའི་སྡིག་སྒྲིབ་ཐམས་ཅད་དག་པར་འགྱུར་རོ༔ གང་ཟག་མཆེད་གྲོགས་རྣམས་ཀྱི་སེམས་དཀྲུག་པ་དང་༔ རྫུན་སྨྲས་པ་དང་༔ ངག་འཁྱལ་བ་དང་༔ ཚིག་རྩུབ་པོ་ལ་སོགས་པའི་མི་དགེ་བ་བཅུ་སྤྱད་པའི་སྡིག་སྒྲིབ་དག་པ་དང་༔ དབང་གི་ལས་འགྲུབ་པར་འགྱུར་རོ༔ མཆོག་གི་དངོས་གྲུབ་ནི༔ ཚེ་འདི་ཉིད་ལ་བདེ་ཆེན་རྔ་ཡབ་མངོན་དགའ་རྣམས་སུ་སངས་རྒྱས་པར་ཐེ་ཚོམ་མེད་དོ༔ ﹙འདི་བྱི་བའི་ཟླ་བ་སྟེ་ཧོར་ཟླ་བཅུ་གཅིག་ཡིན་པའང་གསུངས་﹚
12. མགོ་ཉ་ཟླ་བའི་ཚེས་བཅུ་﹙ཧོར་ཟླ་བཅུ་གཅིག་པ་﹚ནི་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་ལེགས་པར་སྐྲུན་ཟིན་ནས། སློབ་དཔོན་ཆེན་པོ་བསམ་ཡས་མཆིམས་ཕུར་དགོངས་པར་བཞུགས་བཞིན་ཡོད་པར། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་དགུང་ལོ་བརྒྱད་ལ་སོན་པ་དེ་ཤིན་ཏུ་བསྙུན་ནས་རྒྱལ་པོས་སློབ་དཔོན་གྱི་དྲུང་དུ་བྱིན་རླབས་ཞུ་བར་ཕེབས། དེར་ལྷ་ལྕམ་དབུ་སློབ་དཔོན་གྱི་སྐུ་པང་དུ་བཞག་ནས་ཚེ་ཡི་དུས་བྱས་པར་རྒྱལ་པོ་མྱ་ངན་གྱིས་རེ་ཞིག་རྒྱལ་བར་ཡེ་ཤེས་མཚོ་རྒྱལ་གྱིས་རྒྱལ་པོའི་དབུ་ནས་བསླང་སྟེ་རྗེ་ལེགས་ཞེས་འབོད་པས་རྒྱལ་པོ་ཐུགས་གསོས། སློབ་དཔོན་གྱིས་རྒྱལ་པོ་ལ་ཐུགས་གསོ་མཛད།རྒྱལ་པོས་གསེར་སྐྱོགས་གཡུས་བཀང་བ་སློབ་དཔོན་ལ་ཕུལ་ནས་འདུས་བྱས་ཀྱི་ཆོས་རྣམས་འདི་ལྟ་བུ་ཡིན་ན་བསྟན་པའི་གཞི་མ་གཙུག་ལག་ཁང་དེ་ཇི་འདྲ་ཡོང་བ་དང་། རྒྱལ་པོའི་རྒྱལ་ས་འདི་ཡང་སུས་འཛིན་པ། ངའི་བུ་མོ་འདི་བསོད་ནམས་བསགས་པ་ལོ་པཎ་མཁས་གྲུབ་མང་པོའི་ཞལ་མཇལ། འོན་ཀྱང་ཚེ་མཐར་མ་ཕྱིན་པ་དེའི་རྒྱུ་རྐྱེན་དང་། མ་འོངས་པ་སྐྱེ་བ་གང་དུ་ལེན་མ་ཧཱ་གུ་རུས་བཀའ་སྩལ་ཏུ་གསོལ་ཞུས་པར། སློབ་དཔོན་གྱིས་གཙུག་ལག་ཁང་ཞིག་པ་དང་གསོ་བའི་དུས་སྐབས་དང་། རྒྱལ་རབས་གཉིས་ནས་རྒྱལ་པོ་དུད་འགྲོའི་མིང་ཅན་གྱིས་ལྷ་ཆོས་བསྣུབས། མཐར་འབངས་གྱེན་ལོག་ཡོང་བ་སོགས་ཀྱི་སྐོར། ལྷ་ལྕམ་པདྨ་གསལ་ནི་སྔར་ཆོས་རྒྱལ་ཉིད་བལ་ཡུལ་དུ་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་སྐབས་ལྷ་ལྕམ་སྦྲང་མའི་ལུས་ལ་བླངས་ནས་རྒྱལ་པོའི་རྩེའུ་ཆུང་བཟོས་བཞིན་ཡོད་པར། རྒྱལ་པོས་དྲན་མེད་ཀྱིས་ཤད་པས་སྦྲང་བུ་ཤི་བས་དེའི་ལན་ཆགས་ཀྱིས་ད་རེས་སྲས་མོར་སྐྱེས་པ་སོགས་ཀྱི་ལོ་རྒྱུས་དང་། ལྷ་ལྕམ་སྐྱེ་བ་མང་ཙམ་བརྒྱུད་དེ་མཐར་གཏེར་སྟོན་དྲི་མེད་འོད་ཟེར་ཡིན་པ་ལུང་བསྟན་མཛད། དེ་ནས་སློབ་དཔོན་དང་མངའ་བདག་བཀའ་བགྲོས་ནས་དུས་ཀྱིས་འགྱུར་བ་སྐྱོ་ཤས་ཅན་ལ་གཟིགས་ཏེ་དེ་དག་གི་དགོས་མཁོར་ཕུན་སུམ་ཚོགས་པའི་གཏེར་ཁ་སྦ་བར་དགོངས་ནས་དབུ་རྕེ་རིགས་གསུམ་ལ་སོགས་པར་རྒྱལ་པོའི་བླ་གཏེར་དང་། སློབ་དཔོན་གྱི་ཐུགས་གཏེར། དམ་པའི་ཆོས་གཏེར། རྩིས་སྨན་མདོས་ཆོག་གི་གཏེར། མཐུ་དང་ངན་སྔགས་ཀྱི་གཏེར། བཟོ་དང་རིག་གནས་ཀྱི་གཏེར། བསམ་ཡས་གཙུག་ལག་ཁང་གི་སྐོར་འདི་རང་ལ་འཛམ་གླིང་སྤྱི་ལ་དགོས་པའི་གཏེར་ཁ་ལྔ་དང་། བོད་ཁམས་སྤྱི་ལ་དགོས་པའི་གཏེར་ཁ་ལྔ། བཏོན་ན་མི་འགྲིགས་པ་བཅུད་ཀྱི་གཏེར་ཁ་ལྔ། བཏོན་ནས་གཏེར་ཚབ་འཇུག་དགོས་པ་ལྔ། མ་བཏོན་ན་དངོས་གྲུབ་ཡལ་བྱའི་གཏེར་ཁ་ལྔ་སྟེ་མིང་ཅན་གྱི་གཏེར་ཁ་ཉེར་ལྔ་དང་། མིང་མེད་ཀྱི་གཏེར་ཁ་མང་དུ་སྦས་པར་མཛད་། དེ་བཞིན་གཡའ་མ་ལུང་དང་། རྡོ་ཡི་མཆོད་རྟེན། བུམ་ཐང་དགེ་གནས། གློ་བོ་དགེ་ཀར། གཙང་འཕྲང་ལྷ་ཁང་། ཁམས་ཀྱི་ཀློང་ཐང་སྒྲོལ་མ་ལྷ་ཁང་། ཀོང་པོ་བུ་ཆུ་། གཡོ་རུ་ཁྲ་འབྲུག ཤེལ་གྱི་བྲག་ཕུག ལྷོ་བྲག་ཁོ་མཐིང་། མཁར་ཆུ་གནས་སྐས་ཅན། གཏམ་ཤུལ་སྲིན་མོ་སྤར་རྗེས། སྟག་ཚང་གསང་ཕུག མོན་ཁ་སྣ་རིང་། སེངྒེ་རྫོང་། སྤ་གྲོ་གནམ་ཐང་། ཕོ་མ་རྫོང་ཕུག གཙང་གི་ཕུག་མོ་ཆེ། བསྒྲགས་ཀྱི་ཡང་རྫོང་། འཕྱོང་རྒྱས་བང་སོ། འཕྱིང་བར་སྟག་རྩེ། གཉལ་སྨད་དགེ་རི་ནག་པོ་སོགས་བོད་ཡུལ་གངས་ཅན་གྱི་མཐའ་དབུས་ཀུན་ཏུ་ཆོས་དང་ནོར་གྱི་གཏེར་ཁ་བྱེ་བ་ཕྲག་སྦས་པར་མཛད་ཅིང་། ཡུལ་གྲུབ་ཐ་དད་པའི་གཞི་བདག་ཆེ་དགུ་དབང་དུ་བསྡུས་ནས། སོ་སོར་གཏེར་སྲུང་གཉེར་གཏད་ལུང་བསྟན་དུ་མཛད་པའི་དུས་ཆེན་གྱི་ཚེས་བཅུ་བཟུང་བའི་ཕན་ཡོན་ནི། ཚེ་འདིར་དུས་མ་ཡིན་པར་འཆི་བའི་འཕྲལ་རྐྱེན་ངན་པའི་དབང་དུ་མི་འགྲོ་ཞིང་༔ ཕ་རོལ་གྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བ་དང༔ བྱད་ཁ་རྦོད་སྟོང་ལ་སོགས་པ་དང༔ ས་བདག་ཀླུ་གཉན་གང་གིས་གནོད་པར་མི་ནུས་ཤིང༔ འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་བ་དང༔ བསྐལ་བ་གྲངས་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་ལ་མཆོད་པ་ཕུལ་བ་བས་བསོད་ནམས་ཆེའོ༔ མཆོག་གི་དངོས་གྲུབ་ནི༔ ཚེ་འདི་ལ་ནུབ་ཕྱོགས་བདེ་བ་ཅན་ནམ༔ དཔལ་རི་པདྨ་འོད་ཀྱི་ཞིང་དུ་སངས་རྒྱས་པ་ཐེ་ཚོམ་མེད་དོ༔ ﹙འདུ་གླང་གི་ཟླ་བ་སྟེ་ཧོར་ཟླ་བཅུ་གཉིས་ཡིན་པའང་གསུངས་﹚ཅེས་ཚེས་བཅུའི་བྱུང་ཚུལ་ཕན་ཡོན་དང་བཅས་པ་པདྨའི་སྙན་རྒྱུད་ཡང་གསང་བླ་མེད་ཀྱི་ནང་གསུངས་པ་ལ་གཞི་བྱས་པདྨ་བཀའ་ཐང་སོགས་ལས་མཛད་པ་ཕྲན་བུ་རྒྱས་པར་ཁ་བསྐང་ནས་ཕྱོགས་སྒྲིག་ཞུས་པའོ། གོང་གི་ཟླ་བ་སྔ་རྗེས་ཕྲན་བུ་འདུག་པ་དུས་འཁོར་ལུགས་དང་རྒྱ་རྩིས་ཀྱི་ལུགས་ཀྱི་ཧེ་བག་མེད་ནམ་སྙམ་པ་མཁྱེན་ལྡན་རྣམས་ཀྱིས་དཔྱད་པར་འཚལ།
ཚེས་བཅུའི་བྱུང་ཚུལ་ཕན་ཡོན་མདོར་བསྡུས་པ།།
སྐལ་མཉམ་དག་ལ་ཕན་ཕྱིར་འདིར་བཀོད་པར།།
འགལ་འཁྲུལ་དྲི་མའི་ར་རི་ཅི་མཆིས་པ།།
རྩ་གསུམ་ཀུན་འདུས་བླ་མའི་སྤྱན་སྔར་བཤགས།།
རྒྱལ་བ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་ཡི།།
ཐུགས་རྗེས་ཚེ་རབས་ཀུན་ཏུ་ཉེར་བཟུང་སྟེ།།
གསང་ཆེན་སྨིན་གྲོལ་ལམ་ལ་འཇུག་གྱུར་ནས།།
རིགས་འཛིན་རྣམ་བཞིའི་ས་ལ་རེག་གྱུར་ཅིག།།
1988ལོའི་དེབ་དང་བོ་ལས་བདམས།