གནས་ཡུལ། མདུན་ངོས། ཆོས་ལུགས་སྲིད་ཇུས།
 
 
༄༅།།ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སྐབས་བདུན་པའི་ལྗོངས་ཡོངས་ཀྱི་
སྤེལ་དུས།2008-03-11   ཡོང་ཁུངས་།   རྩོམ་པ་པོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།

 ༄༅།།ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སྐབས་བདུན་པའི་འགོ་ཚུགས་གསུང་བཤད།
 
                                                     འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།

                                                ﹙1999ལོའི་ཟླ་10ཚེས་23ཉིན།﹚

འཐུས་མི་རྣམ་པ་ཚོ།
  ཀྲུང་ཧྭ་མི་དམས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་50འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་40འཁོར་བ། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ཉེར་ཡོད་པའི་བཀྲ་ཤིས་ཀྱི་དུས་བཟང་འདིར། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སྐབས་བདུན་པའི་ལྗོངས་ཡོངས་ཀྱི་འཐུས་མིའི་གྲོས་ཚོགས་འདི་བཞིན་ལྗོངས་ཏང་ཨུད་དང་།ལྗོངས་མི་དམངས་སྲིད་གཞུང་གི་བྱམས་བརྩེའི་ཐུགས་འཁུར་དང་ཚད་མཐོའི་མཐོང་ཆེན་འོག་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་སློབ་སྟོན་འོག དེ་རིང་དངོས་སུ་འགོ་ཚུགས་པ་རེད།
  ད་རེས་ཀྱི་གྲོས་ཚོགས་ནི་ལྗོངས་ཡོངས་སུ་དཔལ་འབྱོར་གོང་འཕེལ་དང་། དུས་བབ་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། མི་དམངས་བདེ་བར་འཁོད་ཅིང་ལས་ལ་བརྩོན་པ། དགོན་སྡེར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཏང་བར་ཕན་ནས་མངོན་གསལ་དོད་པོ་ཐོབ་པ་བཅས་ཀྱི་རྣམ་པ་ཤིན་ཏུ་བཟང་པོའི་འོག་སྐོང་འཚོགས་གནང་བ་ཞིག་ཡིན་པས་དོན་སྙིང་ཆེན་པོ་ལྡན་ཡོད། དེ་རིང་ཚོགས་ཞུགས་ཀྱི་འཐུས་མི་རྣམས་དགོན་སྡེ་དང་གྲུབ་མཐའ་མི་འདྲ་བ་ནས་ཕེབས་སྟབས་ཚབ་མཚོན་གྱི་རང་བཞིན་རྒྱ་ཆེ་ལ། ཚང་མ་ནི་དགོན་སྡེར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཏང་བ་བརྒྱུད་ཐོན་པའི་མེས་རྒྱལ་ལ་དགའ་ཞེན་དང་ཁ་བྲལ་ངོ་རྒོལ་གནང་མཁན་གྱི་ཆོས་ཕྱོགས་རྒྱལ་གཅེས་མི་སྣ་ཤ་སྟག་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་ད་རེས་ཀྱི་ཚོགས་འདུར་ཐུགས་རེ་ཆེན་པོ་བཅོལ་ཡོད་པས་ཚང་མས་ཐུན་མོང་ཐོག་འབད་བརྩོན་གནང་བ་བརྒྱུད་ཚོགས་འདུ་ལེགས་གྲུབ་ཡོང་རྒྱུར་ང་ལ་ཡིད་ཆེས་ཡོད།
  འཐུས་མི་རྣམ་པ་ཚོ། ད་རེས་ཚོགས་འདུའི་གྲོས་དོན་གཙོ་བོ་ནི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དང་། ལྗོངས་ཏང་ཨུད་དང་ལྗོངས་མི་དམངས་སྲིད་གཞུང་གི་དབུ་ཁྲིད་ཀྱི་གལ་ཆེའི་གསུང་བཤད་གསན་ནས་སློབ་སྦྱོང་གནང་རྒྱུ། གྲོས་ཚོགས་ཀྱིས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སྐབས་དྲུག་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ། སྐབས་གསར་པའི་ལས་འཛིན་དང་རྒྱུན་ལས་ལས་འཛིན། དྲུང་ཆེ་རྒན་གཞོན། ཚོགས་གཙོ་རྒན་གཞོན་འདེམ་བསྐོ་གནང་རྒྱུ། ཕྱོགས་མཚུངས་རང་རེའི་མཐུན་ཚོགས་ཀྱི་སྒྲིག་ཡིག་ལ་འོས་འཚམ་གྱི་བཟོ་བཅོས་དང་ཁ་སྣོན་གནང་རྒྱུ་བཅས་ཡིན་པས་ད་རེས་ཀྱི་ཚོགས་འདུ་བརྒྱུད་དེ་ང་ཚོས་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྲུང་དམངས་ཕན། མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་སྔར་བས་མཐོན་པོར་བསྒྲེངས་ཏེ་རིམ་པ་ཁག་གི་ནང་བསྟན་མཐུན་ཚོགས་ཀྱི་ནུས་པ་དངོས་གནས་འདོན་སྤེལ་བྱ་རྒྱུ་དང་། དགོན་སྡེར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཏང་བའི་འབྲས་བུ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ། ཆོས་ལུགས་ལས་དོན་དང་དགོན་སྡེར་འགོ་ཁྲིད་དང་བདག་གཉེར་བྱ་རྒྱུར་ཤུགས་སྣོན། བོད་བརྒྱུད་ནང་བསྟན་ལ་རྒྱུན་ལྡན་སྒྲིག་ལམ་འཛུགས་རྒྱུ་དང་དེ་འཐུས་ཚང་དུ་གཏོང་རྒྱུ། ཆོས་ལུགས་བྱེད་སྒོ་རྣམས་ཁྲིམས་དང་ལྡན་པ་དང་ཚད་ལྡན་དུ་འགྱུར་བ་བཅས་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་ཐུབ་པ་བྱས་ནས་བོད་ལྗོངས་རྒྱུན་རིང་བདེ་གནས་ཐུབ་རྒྱུ་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡོང་ཆེད་ང་ཚོས་ལེགས་སྐྱེས་གང་ཡོད་འབུལ་དགོས།
 འཐུས་མི་རྣམ་པ་ཚོ། ད་རེས་ཚོགས་འདུའི་དུས་ཡུན་ཐུང་ཞིང་གྲོས་རིམ་མང་བས་དུས་ཚོད་རྩ་ཆེ་ལ་གོ་སྐབས་ཤིན་ཏུ་དཀོན་རྐྱེན། རེ་བར་ཚང་མས་ཐུགས་ནུས་གཅིག་སྒྲིལ་གྱིས་ཚོགས་འདུ་ཡག་པོ་འཚོགས་དགོས་པ་དང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཐུབ་རྒྱུར་འབད་བརྩོད་བྱེད་དགོས། ལྗོངས་ཏང་ཨུད་དང་ལྗོངས་མི་དམངས་འཐུས་ཚོགས། ལྗོངས་མི་དམངས་སྲིད་གཞུང། ལྗོངས་སྲིད་གྲོས་སོགས་ཀྱི་འབྲེལ་ཡོད་དབུ་ཁྲིད་ཚོགས་འདུར་ངོ་ཕེབས་གནང་བ་དེས་ཏང་དང་སྲིད་གཞུང་གིས་ང་ཚོ་ཆོས་ཕྱོགས་མི་སྣར་ཐུགས་འཁུར་དང་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད་པས། ངས་ཚོགས་ཞུགས་འཐུས་མི་ཡོངས་དང་རྒྱ་ཆེའི་དད་ལྡན་སེར་སྐྱ་རྣམས་ཀྱི་ཚབ་ཞུས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་དེ་རིང་ཚོགས་འདུར་ཕེབས་པའི་དབུ་ཁྲིད་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
  མཇུག་ཏུ། ཚོགས་འདུ་ལེགས་གྲུབ་ཡོང་བ་དང་། དབུ་ཁྲིད་རྣམ་པ་དང་འཐུས་མི་རྣམ་པ་སྐུ་ཚེ་བརྟན་ཅིང་། སྐུ་ཁམས་གསལ་དྭངས་ཡོང་བ་དང་། རྣམ་པ་ལྷན་རྒྱས་ཀྱིས་རྒྱལ་ཁབ་མངའ་ཐང་རྒྱས་ཤིང་། རྒྱལ་བསྟན་དར་ལ་འགྲོ་རྣམས་བདེ་བར་དགོད་རྒྱུའི་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན། ། ། །
                                             ཁོན་ཐར་གྱིས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060