| སྤྱི་ལོ་2003ལོའི་ཟླ་6ཚེས་18ཉིན།།
དབུ་ཁྲིད་རྣམ་པ་དང་། སྐུ་མགྲོན་རྣམ་པ། བློ་མཐུན་རྣམ་པ།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་དབུ་ཁྲིད་འོག ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་ཏེང་ཞའོ་ཧྥིང་གི་རིགས་པའི་གཞུང་ལུགས་དང་བློ་མཐུན་ཅང་ཙེ་མིན་གྱི་“མཚོན་བྱེད་གསུམ”གྱི་གལ་ཆེའི་བསམ་བློས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ནན་ཏན་ངང་ཏང་གི་ཚོགས་ཆེན་བཅུ་དྲུག་པ་དང་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས། “ཁྱོན་ཡོངས་ནས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཁྲིམས་ལུགས་གཞིར་བཟུང་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། ཧུར་བརྩོན་ངང་ཆོས་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན”བཅས་ཀྱི་ཀྱི་རེ་འདུན་གཞིར་བཟུང་། ཧུར་བརྩོན་ངང་ཆབ་སྲིད་གོ་རྟོགས་གོང་མཐོར་བཏང་ནས་བསམ་བློ་དང་བྱ་སྤྱོད་ཐོག་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བ་བྱས་པ་དང་། གོམ་གང་མདུན་སྤོས་ཀྱིས་ཏཱ་ལའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་ཆོས་ལུགས་ཐད་ཀྱི་གཡོ་རྫུན་རང་བཞིན་ལ་ངོས་འཛིན་གསལ་པོ་བྱུང་ཡོད། ཆོས་ལུགས་ལས་དོན་མི་སྣས་ཧུར་བརྩོན་གྱི་རང་བཞིན་སྔར་བས་འདོན་སྤེལ་བྱས་ཏེ་འབད་བརྩོད་ཆེན་པོས་རང་ལྗིངས་ཀྱི་དཔལ་འབྱོར་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་གཏོང་རྒྱུ་དང་།སྤྱི་ཚོགས་ཀྱི་དུས་བབ་ཡུན་རིང་བརྟན་གནས་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན།ཐེངས་འདིར་གོང་འབུལ་བྱས་པའི་རིག་དངོས་དེ་དག་ནི་རང་རེའི་ནང་བསྟན་མཐུན་ཚོགས་ཀྱིས་ཡུན་རིང་ཉར་ཚགས་དང་དོ་དམ་བྱས་པ་ཞིག་ཡིན།ཆོས་ལུགས་ཀྱི་རིག་དངོས་ལ་སྔར་བས་སྲུང་སྐྱོབ་བྱེད་ཆེད་དང་། གཅིག་གྱུར་གྱི་དོ་དམ་དང་བདེ་སྤྱོད་གཏོང་ཆེད། དེ་བཞིན་མི་རབས་རྗེས་མར་རྩིས་སྤྲོད་ཞིག་ཡོང་ཆེད་རང་རེའི་ནང་བསྟན་མཐུན་ཚོགས་ཀྱི་ཁྲིད་ཚན་པས་རིག་དངོས་དེ་དག་བོར་བརླག་དང་གཏོར་སྐྱོན་མི་ཡོང་བའི་ཆེད་རྒྱལ་ཁབ་ཀྱི་རིག་དངོས་ཚན་པར་འབུལ་རྒྱུའི་ཞིབ་འཇུག་ཐག་གཅོད་བྱས་པ་ཡིན།ལས་དོན་དེའི་ཐད་གོང་རིམ་འབྲེལ་ཡོད་ཚན་པར་སྙན་གསེང་ཞུས་རྗེས་འཕྲལ་མར་རྒྱབ་སྐྱོར་ཐོབ་པ་དང་། ལྷག་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་སྐུ་གཞོན་ལི་ལིས་གོ་ཡིས་མཁྱེན་རྟོགས་བྱུང་རྗེས་ང་ཚོའི་ལས་ཀར་ཁས་ལེན་གནང་ཞིང་སྔར་བས་མཐོང་ཆེན་དང་རྒྱབ་སྐྱོར་གནང་ཡོད། ད་དུང་ཁོང་གིས་ཆེད་མངགས་མཛུབ་སྟོན་གནང་བར། ང་ཚོའི་ལས་དོན་དེ་ནི་“བྱ་ཐབས་ཧ་ཅང་བཟང་པོ་ཞིག་ཡིན་པ་དང་།དེས་རིག་དངོས་བལྟོས་བཅས་ཀྱི་གཅིག་སྡུད་དོ་དམ་དང་བེད་བྤྱོད་གཏོང་རྒྱུར་ཕན་པ་ཡོད་ལ།ཆོས་ཚོགས་ཀྱིས་སེམས་ནུས་གཅིག་སྒྲིལ་ཐིག་ཆོས་ལུགས་མི་སྣ་དང་གྲྭ་བཙུན་མང་ཚོགས་ལ་འབྲེལ་བ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ལས་དོན་སྔར་བས་ལེགས་པར་སྤེལ་རྒྱུར་ཕན་འབྲས་ཡོད་”ཅེས་གསུངས།རང་རེའི་མཐུན་ཚོགས་ཀྱིས་རིགས་དངོས་དེ་དག་ལས་རེ་རེ་བཞིན་དཔར་ལེན་དང་ཐོ་འགོད་བྱས་རྗེས་ལྗོངས་རིགས་དངོས་གསལ་འབྱེད་ཆོད་སྡོམ་ཚོགས་ཆུང་གིས་ཆོད་སྡོམ་བྱས་རྗེས།རྩ་ཆེའི་རིག་དངོས་བསྡོམས་132ཡོད་པའི་ནང་ནས་རྒྱལ་ཁབ་རིམ་པ་གསུམ་པའི་རིག་དངོས་30དང་། རིམ་པ་གཉིས་པའི་རིག་དངོས་8བཅས་ཡོད། ལས་དོན་དེ་སྤེལ་བ་བརྒྱུད་དམངས་ཡོངས་ཀྱིས་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་མཐོང་ཆེན་བྱེད་ཤུགས་ཆེ་རུ་འགྲོ་རྒྱུར་ང་ཚོར་རེ་བ་ཡོད་ལ།རང་སྐྱོང་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གིས་སྔར་བཞིན་རིག་དངོས་ལ་དོ་དམ་དང་བེད་སྤྱོད་ཡག་པོ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་བོད་མི་རིགས་ཀྱི་རིག་གནས་དྲིལ་བསྒྲགས་རྒྱ་ཆེར་བྱེད་པ་དང་སྙན་གྲགས་ཆེ་རུ་བཏང་སྟེ།རང་ལྗོངས་ཀྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་གཏོང་རྒྱུ་དང་།སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།།
མཇུག་ཏུ་ངས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐན་ཚོགས་ཀྱི་ལས་འཛིན་ཡོངས་དང་ལས་བྱེད་ལས་བཟོ་ཡོངས་ཀྱི་ཚབ་ཞུས་ཏེ། དེ་རིང་མཛད་སྒོར་ཕེབས་པའི་རང་ལྗོངས་ཀྱི་དབུ་ཁྲིད་དང་འབྲེལ་ཡོད་ཚན་པ་ཁག་གི་དབུ་ཁྲིད་ཀྱིས་ཕྱག་ལས་མཛད་བྲེལ་ཁྲོད་དུས་ཚོད་འཐེན་ཏེ་མཛད་སྒོར་ཕེབས་པར་ངས་ཡང་བསྐྱར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་ང་ཚོའི་ལས་ཀར་སྐུལ་ལྕག་དང་རྒྱབ་སྐྱོར་གནང་བ་ཞིག་ཡིན་པས།ང་ཚོས་གོང་རིམ་དབུ་ཁྲིད་ཀྱི་རེ་བ་ཆུད་ཟོས་སུ་བཏང་བར་སྔར་བས་འབད་བརྩོད་བྱས་ཏེ་རང་ལྗོངས་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་རྒྱུར་རང་གི་ལེགས་སྐྱེས་གང་ཡོད་འབུལ་རྒྱུའི་བརྩོན་ལེན་བྱེད་རྒྱུ་ཡིན། ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ།།
|