གནས་ཡུལ། མདུན་ངོས། ཆོས་ལུགས་སྲིད་ཇུས།
 
 
༄༅།།བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་རྩ་ཆེན་རིག་དངོས་ཕུལ་བའི་གནས་ཚུལ་ཐོར་བུ།
སྤེལ་དུས།2008-03-26   ཡོང་ཁུངས་།   རྩོམ་པ་པོ། སྙིང་ལྕགས་རྒྱལ།

            སྤྱི་ལོ་2003ལོའི་ཟླ་6ཚེས་18ཉིན། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་རྩ་ཆེའི་རིག་དངོས་ཕུལ་བའི་མཛད་སྒོ་དེ་བོད་ལྗོངས་རྟེན་མཛོད་ཁང་གི་ཐང་ཆེན་དུ་ཚོགས། མཛད་སྒོའི་ཐོག་ལྗོངས་མི་དམངས་འཐུས་ཚོགས་དང་། ལྗོངས་མི་དམངས་སྲིད་གཞུང་། ལྗོངས་ཆབ་སྲིད་གྲོས་ཚོགས། རིག་གནས་ཐིང་། རིག་དངོས་ཅུད་སོགས་ཀྱི་དབུ་ཁྲིད་དང་རིག་དངོས་སྡེ་ཚན་ཁག་གི་འབྲེལ་ཡོད་མི་སྣ་ཚོགས་འདུར་བཞུགས་པ་མ་ཟད། ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་དབུ་ཁྲིད་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་རིན་པོ་ཆེ་དང་རྟེན་རྫས་བཤམས་མཛོད་ཁང་གི་དབུ་ཁྲིད་བསྟན་འཛིན་རྣམ་རྒྱལ་གཉིས་ཀྱིས་གསུང་བཤད་གནང་རྗེས། འགྲེམས་སྟོན་གནང་བའི་རིག་དངོས་132དངོས་སུ་གཟིགས་མོ་བའི་སྤྱན་སྔར་ཕུལ།།

  ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་ཕུལ་བའི་རིག་དངོས་132ལ་ལྗོངས་རིག་དངོས་དབྱེ་ཞིང་ཚོགས་ཆུང་གིས་དཔྱད་ཞིབ་བྱས་པ་ལྟར་ན། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་དངོས་བརྒྱད་དང་། རིམ་པ་གསུམ་པའི་རིག་དངོས་སུམ་ཅུ། དེ་མིན་སྤྱིར་བཏང་གི་རིག་དངོས་ཁྱབ་ཁོངས་སུ་གཏོགས་ཡོད། རིག་དངོས་དེ་དག་གི་སྐུ་རྒྱུ་དང་བཟོ་དབྱིབས་འདྲ་མིན་ཡོད་པ་མ་ཟད། གྲུབ་མཐའ་རིས་མེད་ཀྱི་སྐུ་བརྙན་དང་། ཐང་ག མཆོད་ཆས། མཆོད་རྟེན། ལྷ་ཆས། དཀར་ཡོལ་སོགས་རྒྱུ་སྤུས་དག་ལ་བཟོ་རྩལ་རྩེར་སོན་པ། གསོན་ཉམས་ལྡན་ལ་ཡིན་དབང་འཕྲོག་པའི་ཁྱད་ཆོས་ལྡན་ཕྱིར། བོད་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་ཆེས་མཆོག་ཏུ་གྱུར་པའི་གཅེས་ནོར་ཡིན།།

  རིག་གནས་དེ་དག་ནི་ཁྲོད་འབྲོམ་སྟོན་པ་དང་། བཀའ་གདམས་སྐུ་མཆེད་གསུམ་གྱི་ཞལ་ཐང་ནི་ལོ་རྒྱུས་རིང་ལ་རིན་ཐང་ཆེ་བ། ཞལ་ཐང་གི་རྒྱབ་ངོས་སུ་སྔགས་ཡིག་ཡིག་ཕྲེང་གསུམ་དང་། ཐུབ་པ་དམ་པ་བཟོད་པ་ནི།། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་།། རབ་ཏུ་བྱུང་བ་གཞན་ལ་གནོན་པ་དང་།། གཞན་ལ་འཚེ་བ་དགེ་སྦྱོར་མ་ཡིན་ནོ།། ཞེས་པའི་ཤོ་ལོ་ཀ་ཚིག་རྐང་བཞི། གཤམ་གྱི་ཆར་འབྲོམ་གྱི་ཕྱག་ནས་མ། དགེ་བཤེས་པོ་ཏོ་བའི་ཐུགས་དམ་རྟེན་། མངྒལཾ། དགེའོ་ཞེས་སྣག་ཚས་མཚན་རྒྱས་པར་བཀོད་པའི་སྟེང་ནས་དཔྱད་ན་མ་མཐར་ཡང་དུས་རབས་བཅུ་གཅིག་པར་རིགས་འདེད་བྱ་ཐུབ། གཞན་ཡང་རྗེ་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱི་སྐུ་བརྙན་ལ་གསོན་ཉམས་ལྡན་ལ། སྐུ་ཤ་རྒྱས་པ། ན་བཟའི་ངོས་སུ་གསེར་ཚགས་དོད་པའི་འབུར་གཟུགས་ཀྱི་མེ་ཏོག་དང་། རི་དྭགས་དབྱི། གཡས་གཡོན་དུ་སེང་གེའི་གཟུགས་རིས་དང་། པད་གདན་གྱི་རྒྱལ་ངོས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་འབུར་གཟུགས་མ། རྗེ་ཉིད་ཀྱི་དབུ་ཞྭ་དམར་ལ་ཕྱག་གཡོན་པར་ཕྲེང་བ་བསྣམས་པ། ཐུགས་ཀར་ཨོཾ་ཡིག་དང་རྒྱབ་ངོས་སུ་འབུར་གཟུགས་ཅན་གྱི་སྔགས་ཡིག་དུ་མ་ཐོན་པ། སྐུའི་རྣམ་པ་བརྗིད་ཆགས་པ་སོགས་ཀྱིས་ཡིད་སེམས་དབང་མེད་དུ་འཕྲོག་པའི་ཁྱད་ཆོས་ལྡན། དེའི་རྐྱེན་གྱིས་རྣམ་པ་དང་། བཟོ་རྩལ། རྒྱུ་ཆ་སོགས་ཀྱི་ངོས་ནས་གཞིགས་ན་དུས་རབས་བཅུ་བཞི་པར་ངོས་འཛིན་བྱེད་ཐུབ། གཞན་ཡང་བརྗོད་བྱ་མུ་འབྲེལ་ཅན་གྱི་ཞང་ཐང་ཚོང་ཁ་བརྒྱད་ཅུའི་སྐོར་བཀོད་པའི་རྗེ་རིན་པོ་ཆེའི་མཛད་རྣམ་རི་མོའི་ལམ་ནས་བཀོད་དེ། བལྟ་བདེ་བ་དང་སེམས་ལ་འཛིན་སླ་བའི་ཁྱད་ཆོས་ཡོད་པ་མ་ཟད། ཐང་ག་སྤྱིའི་ཚོན་གྱི་སྡེབ་སྟངས་ལ་མདངས་རྣམ་པར་བཀྲ་བ། འཇམ་ཤ་དོད་པ། སྣུམ་བརྗིད་ཆེ་བ། གསེར་རིས་བཅད་པ་ཕྲ་བས་མི་སྣའི་སྣང་བརྙན་ལ་དངོས་བྲིས་ཀྱི་ཉམས་ཐོན་པ་དང་ནང་དོན་ཕུན་སུམ་ཚོགས། དེར་མ་ཟད་གནས་བརྟན་བཅུ་དྲུག་ལ་ཞལ་ཐང་དང་ཤིག་ཐང་རིགས་གཉིས་ཡོད་ལ། ཞལ་ཐང་ལ་གནས་བརྟན་བཞི་རེ་བཀོད་པའི་མུ་འབྲེལ་རི་མོ་ཁག་ཅིག་དང་། གནས་བརྟན་རེ་རེ་ལ་མཚན་རྒྱས་པར་བཀོད་པ་གཉིས་ཡོད། ཞལ་ཐང་འདི་དག་གི་ཉམས་འགྱུར་མཛེས་ལ་རྒྱན་རིས་དང་རྒྱན་གོས་ཀྱི་སྣ་ཁ་འཛོམས་པ་དང་། གསེར་བྲིས་ཞིབ་ཚགས་པ་བཅས་སོ།། ཤོ་ཐང་ནི་གོང་མ་ཆན་ལུང་གི་སྐབས་ཧང་ཀྲོའུ་ནས་བཀབ་བཤུས་གནང་རྗེས་བོད་ཀྱི་བླ་སྤྲུལ་ལ་ཕུལ་བར་སྙམ་པ་དང་། ཤོག་ཐང་རེ་རེའི་ཐོག་གནས་བརྟན་གྱི་མཚན་ལ་གནའ་དེང་གི་འབྲི་ཚུལ་གཉིས་ཡོད་ལ། ཀློག་སྟངས་ལ་ལེགས་སྦྱར་གྱི་སྐད་སོར་བཞག་གི་ཚུལ་དུ་སྣང་། གཞན་གནས་བརྟན་སོ་སོའི་བཞེངས་སྟངས་ལ་འཆར་ཡན་རིང་ལུགས་ཀྱི་ངོ་བོ་སྤྱད་དེ་ལུས་ཀྱི་འདུག་སྟངས། ཕྱག་འཁར་འཛིན་སྟངས། རྫི་མ་ས་ལ་འབྱར་སྟངས། ན་བཟའ་བཞེས་སྟངས་སོགས་ལ་བློར་ཡུལ་ལས་འདས་པའི་རྣམ་པ་ཡིད་ལ་ཤར། སྐུ་བརྙན་གྱི་རིགས་ལ་ཡང་ལི་མ་དང་། གསེར་ཟངས་སོགས་ལ་བློ་ཡུལ་ལས་འདས་པའི་རྣམ་པ་ཡིད་ལ་ཤར། སྐུ་བརྙན་གྱི་རིགས་ལ་ཡང་ལུ་མ་དང་། གསེར་ཟངས་སོགས་ཀྱི་སྐུ་རྒྱུ་ཡ་མཚན་ཅན་ཡོད་ལ་ནང་དོན་གྱི་ངོས་ནས་བོད་ཀྱི་ལོ་རྒྱུས་སྟེང་གི་མི་སྣ་ས་པཎ་དང། མི་ལ་རས་པ། སྲོང་བཙན་སྒམ་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་གྲུབ་མཐའ་རིས་མེད་ཀྱི་མི་སྣ་དང་གཞནན་ཐུན་མོང་མ་ཡིན་པའི་མཆོད་ཆས། འཆམ་ཆས་སོགས་མི་རིགས་བཟོ་རྩལ་གྱི་ཐོན་རྫས་སྤུས་ལེགས་ཇི་སྙེད་ཅིག་ཡོད་པས། འབྱུང་འགྱུར་རྟན་རྫས་བཤམས་མཛོད་ཁང་གི་རིག་དངོས་ཉར་ཚགས་དང་། བཤམས་སྟོན། ཞིབ་འཇུག་བཅས་བྱ་རྒྱུར་རིན་ཐང་གཞལ་དུ་མེད་པའི་དཔྱད་གཞིའི་རིག་དངོས་མཁོ་འདོན་གནང་བ་ཡིན་གཤིས། ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་ཡུན་རིང་ཉར་ཚགས་དང་དོ་དམ་གནང་བའི་རིག་དངོས་132དེ་དག་སྔར་བས་སྲུང་སྐྱོབ་བྱེད་ཆེད་དང་། རིག་དངོས་ཀྱི་རིན་ཐང་གསལ་འདོན་བྱེད་ཆེད། ཆད་ལྷག་མེད་པར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་རྩིས་སྤྲོད་བྱུང་བ་རེད།།

          ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་དེར་མིག་དཔེ་བལྟས་ཏེ། ང་ཚོ་ཚང་མས་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་བོད་ཀྱི་རིག་གནས་དྲིལ་བསྒྲགས་བྱས་ཏེ། རང་ལྗོངས་ཀྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཡོང་བར་སྤྱི་ཚོགས་ཡོངས་ནས་ནུས་པ་ཡོད་རྒུ་འདོན་དགོས།།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060