གནས་ཡུལ། མདུན་ངོས། དགོན་ཆེན་གཙོ་བོ།
 
 
༄༅།།སྙེ་བོ་སྟོད་ཀ་རྒྱན་དགོན་གྱི་ལོ་རྒྱུས་ངོ་སྤྲོད།
སྤེལ་དུས།2008-03-27   ཡོང་ཁུངས་།   རྩོམ་པ་པོ། བཀྲ་ཤིས།

          སྤྱིར་སྙེ་བོ་ལུང་པ་དེ་བཞིན་གནས་ཁྱད་པར་ཅན་ཞིག་ཡིན་པར་གྲགས། དེ་ཡང་བོད་གངས་རིའི་ལྗོངས་སུ་གྲགས་པའི་སྟོད་གངས་རིན་པོ་ཆེས་གཙོ་བོར་གྱུར་པའི་བོད་ཀྱི་གངས་ར་ཉི་ཤུ་རྩ་གཅིག་གི་གྲས། སྙེ་བོ་གངས་ར་བཅུ་གསུམ་ཞེས་ལྟ་བས་ཆོག་མི་ཤེས་པའི་གངས་རི་ཆེན་པོ་བཅུ་གསུམ་གྱིས་བསྐོར་ཞིང་། བོད་ཁམས་ལྷོ་མོན་བཅས་ཀྱི་གནས་ཆེན་གྱི་གྲས། བོད་ལྗོངས་ཤར་པད་མའི་སྦས་གནས། སྙེ་བོ་པད་དཀར་ལྗོངས་ཞེས་གྲགས་ཏེ། མཁྱེན་བརྩེའི་འོད་ཟེར་གྱིས་སྙན་རྒྱུད་དྭངས་གསལ་མེ་ལོང་ལས། པྲེ་ཏ་པུ་རི་བོད་ཁམས་ཁ་བ་ཅན།། རིགས་གསུམ་མགོན་པོའི་གདུལ་ཞིང་སྤུར་རྒྱལ་འགག། པད་མའི་སྦས་གནས་སྙེ་བོ་ལུང་པ་རུ།། ཞེས་སོགས་ལུང་གིས་ཟིན་པ་དང་། གནས་ཀྱི་དཀར་ཆག་ལས། གནས་ཆེན་བརྒྱ་རྩ་གནས་ཕྲན་སྟོང་རྩའི་ནང།། ཁྱད་པར་སྒྲུབ་གནས་ལྔ་རུ་བྱིན་རླབས་པས།། དེ་དག་ཀུན་གྱི་ནང་ཚན་བོད་ལྗོངས་ཤར།། པད་མའི་སྦས་གནས་སྙེ་བོ་གངས་དཀར་ལྗོངས།། གངས་ར་བཅུ་གསུམ་གནས་མཆོག་ཁྱད་འཕགས་ནང་།། ཡང་གསང་ཆེན་པོ་སྐྱེས་བུ་གངས་ར་འདིར།། པད་མ་བདག་ཉིད་ཟླ་བ་ལྔ་བར་བསྡད།། ཅེས་ཨོ་རྒྱན་པད་མ་འབྱུང་གནས་ཀྱང་གནས་དེར་ཟླ་བ་ལྔ་ཙམ་བཞུགས་མྱོང་ཡོད། སྔོན་དྭགས་པོ་ཟླ་འོད་གཞོན་ནུའི་སློང་མ་སྐྱེས་བུ་ཡེ་ཤེས་རྡོ་རྗེས་གནས་སྒོ་ཕྱེ་བའི་དང་པོ་ཙ་རི་དང་།གཉིས་པ་ཙ་གོང་།གསུམ་པ་ཙ་འདྲ་ཡང་སངས་སྐྱེས་བུ་གངས་ར་ཞེས་སྙེ་བོ་ཁུལ་འདི་ཡིན་པ་སོགས་ལུང་དང་། གནས་ཡིག་སོགས་ལས་ངོ་མཚར་ཆེ་ཞིང་། ཁྱད་དུ་འཕགས་པའི་ལོ་རྒྱུས་ཤིན་ཏུ་མང་བར་སྣང་། འདིར་ཡིག་རྫོབ་ཆེ་བས་དཔེ་མཚོན་ཙམ་དུ་ཞུས་པ་ཡིན། ཀ་དགོན་ནི་སྔར་ཨོ་རྒྱན་པད་མ་འབྱུང་གནས་སྙེ་བོར་ཞབས་བཅག་པའི་རྗེས་ལ་ལྷོ་ཁ་ནས་བྱོན་པའི་རྣམ་འབྱོར་པ་གྲུབ་ཐོབ་ཞིག་གིས་སྙེ་སྟོད་འབྲས་ལྗོངས་དགོན་ཐོག་མར་ཕྱག་བཏབ་པ་དང་། དེ་རྗེས་རིམ་བཞིན་རྒྱ་སྐྱེད་བྱུང་ནས་དཀར་ཆག་ཏུ་གསལ་པ་ལྟར་ན། རྡོ་རྗེ་གདན་དང་དཔལ་རི་ཨོ་རྒྱན་ཡུལ།། གཉིས་མེད་བྱིན་གྱིས་བརླབས་པའི་གནས་ཆེན་པོ།། ཞེས་པའི་ས་ཡི་ལྟེ་བར་དཔལ་གསང་བ་འདུས་པའི་ཕོ་བྲང་བྲག་རི་གླང་ཆེན་འགྱིང་འདྲའི་སྟེང་། གནའ་སྔ་མོ་སྤོ་བོ་ཀ་རྣམ་རྒྱལ་པོ་དབུ་བརྙེས་པའི་མཁར་རྫོང་ཀ་ཆེན་ཕོ་རོག་གནམ་རྫོང་ཞེས་པའི་སར་ད་ལྟའི་ཀ་རྒྱན་དགོན་གནས་སྤོ་བར་མཛད། དགོན་པ་དེ་ཐོག་བརྩེགས་གཉིས་ལྡན་གྱི་འོག་ཁང་དུ་འདུ་ཁང་དང་། ཤིན་ནུབ་ཏུ་མ་ཎི་དུང་འཁོར་གསུམ་དང་། གཉེར་ཁང་། མཛོད་ཁང་། ལས་ཁང་། ཐབ་ཁང་སོགས་དང་སྟེང་ཁང་དུ་གསུང་རབ་ཁང་དང་། སྒྲོལ་མ་ལྷ་ཁང་། མགོན་ཁང་། བླ་མའི་བཞུགས་ཁང་སོགས་ཡོད། མཐའ་འཁོར་དུ་གྲྭ་ཤག་དང་། ཇོ་མོ་ཁང་། སྤྱི་ཁང་སོགས་ཡོད་ཅིང་ཤིན་ཏུ་སྔ་བའི་དགོན་རྙིང་དེར་རིགས་འཛིན་འཇའ་ཚོན་སྙིང་པོའི་ལུགས་སུ་གནས། སྔར་གྱི་ཡིག་ཚང་ལས་ཁུལ་དེར་གླིང་རྗེ་གེ་སར་རྒྱལ་པོས་ནོར་གཡང་དང་པོ་སྟག་གཟིག་ནས་བླངས་པ་དང་། ནོར་གཡང་གཉིས་པ་ལོ་མ་ལོ་ཆུང་སྙེ་སྟོད་ནས་དཔའ་བོ་ཤང་རྟ་ལུང་གིས་བླངས་པ་ཞེས་པ་ལྟར་ཤིན་ཏུ་ངོ་མཚར་བའི་ལོ་རྒྱུས་ཡོད་ཅིང། ད་ལྟའང་དཔའ་བོ་དེས་གཏེར་ལས་བླངས་པ་རེད་ཅེས་པའི་ཁྲོ་ཟངས་ཡ་མཚན་ཅན་རྒྱུ་གང་ཡིན་སུས་ཀྱང་བརྗོད་དུ་མེད་པ་ཞིག་སྒོར་ཉར་བྱས་ཡོད་པ་སྤྱན་བསྟར་ཞུ་རྒྱུ་ཡོད། ཀ་དགོན་ལ་ཆོས་འཁོར་བསྐོར་མྱོང་བའི་བླ་མ་སྨན་གཏིང་སྒྲུབ་ཆེན་རིན་པོ་ཆེ། ཀརྨ་སྐུ་ཕྲེང་ལྔ་པ། དཔལ་འབར་རིན་པོ་ཆེ་བདུད་འདུལ་དྲག་སྔགས་གླིང་པ། གཏེར་སྟོན་ཆོས་རྗེ་གླིང་པ། འགྲོ་མགོན་པདྨ་དབང་སྡུད་གླིང་པ། ཆོས་སྐྱོང་གླིང་པ། རོང་གསར་གཏེར་བཏོན་ནག་པོ་ལེགས་ལྡན། གླང་ནག་རིན་ཆེན་མཆོག་གྲུབ། སྟག་ཕུ་གྲུབ་ཆེན་ཟླ་བ་རྡོ་རྗེ། བདུད་འཇོམས་ཡེ་ཤེས་རྡོ་རྗེ་སོགས་བྱུང་ཡོད། མདོར་ན་གནས་དང་དགོན་རིའི་ལོ་རྒྱུས་ནི་ཤིན་ཏུ་ཁྱད་དུ་འཕགས་པ་དང་། ལོ་རྒྱུས་རིང་བ་སོགས་ཡོད་པས་རྩ་བའི་གནས་ཡིག་ཆེན་མོ་སྤོ་བོ་ཀ་རྣམ་རྒྱལ་པོའི་ཕོ་བྲང་གི་ཡིག་ཚང་དུ་ཞུགས་པར་གྲགས།།

          ཆོས་ལུགས་ཀྱི་བྱེད་སྒོ་ནི། ཟླ་བ་དང་པོར་ཞི་ཁྲོ་དགོངས་པ་རང་གྲོལ་སྒྲུབ་པ་བདུན་ཕྲག་གཅིག་སྨོན་ལམ་ཞག་གསུམ། ཟླ་བ་བཞི་པར་སྨྱུང་གནས་ཆ་བརྒྱད། བོད་ཁམས་བསྟན་འགྲོའི་སྤྱི་དོན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཅིག ཟླ་བ་ལྔ་པར་སྤས་ཡུལ་ཙ་འདྲ་གསུམ་པར་བོད་ཀྱི་བླ་རིར་གྲགས་པས་བསྟན་འགྲོའི་སྤྱི་དོན་བསང་ཆེན་དགྲ་ལྷ་དཔང་སྟོད། མི་དམངས་ཀུན་གྱིས་གནས་ཀྱི་དུས་སྟོན་ཆེན་མོར་གྲགས་པ་ཟླ་བ་དགུ་པར་རིན་ཆེན་འཇའ་ཚོན་སྙིང་པོའི་ཟབ་གཏེར་དཀོན་མཆོག་སྤྱི་འདུས་ཀྱི་སྒྲུབ་ཆེན་གཏོར་ཟློག དབང་། སྦྱིན་བསྲེགས། གར་འཆམ་ཉིན་གསུམ། དུས་སྟོན་ཉིན་གཉིས། ཟླ་བཅུ་པར་ཆགས་རུ་བླང་ནག་གཏེར་བཏོན་ཟིལ་སྣོན་རྡོ་རྗེའི་ཟབ་གཏེར་མ་གཅོད་དངོས་གྲུབ་ཀུན་འབྱུང་གི་སྒྲུབ་པ། ཟབ་ཆོས་སྨན་བླའི་ཆོས་སྐོར། གཤིན་རྗེ་གདོང་དྲུག་གི་སྒྲུབ་པ་དང་གཏོར་ཟློག ཟླ་བ་བཅུ་གཉིས་པར་དཔལ་འབར་རིན་པོ་ཆེ་བདུད་འདུལ་དྲག་སྔགས་གླིང་པའི་ཕུར་པ་བདུད་དཔུང་ཟིལ་གནོན་གྱིས་སྒྲུབ་པ་གཏོར་ཟློག་གར་འཆམ་བཅས། ཟླ་བ་འབྱུང་ངོ་ཅོག་ལ་འགྲོ་མགོན་པདྨ་དབང་སྡུད་གླིང་པའི་ཆོས་འཁོར་རིན་ཆེན་ཐུགས་ཞིག་དང་། དཀོན་མཆོག་སྤྱི་འདུས་བཅས་རིམ་པར་ཚེས་བཅུ་ཕྱིན་ཉིན་གསུམ་རེ་བཅས་སོ།།།།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060