གནས་ཡུལ། མདུན་ངོས། དགོན་ཆེན་གཙོ་བོ།
 
 
༄༅།།ཆབ་མདོ་སྐྱོ་མདའ་དགོན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ།
སྤེལ་དུས།2009-04-22   ཡོང་ཁུངས་།བོད་ལྗོངས་ནང་བསྟན།    རྩོམ་པ་པོ། བློ་བཟང་ཟླ་བ། འབྲུག་མོས་ཞུ་དག་བྱས།
      མདོ་ཁམས་ཆབ་མདོའི་ཕྱོགས་ཀྱི་དཔལ་ལྡན་ས་སྐྱའི་རིང་ལུགས་འཛིན་པའི་ཆོས་གྲྭ་ཆེ་ཤོས་སྐྱོ་མདའ་བསམ་འགྲུབ་གླིང་ཞེས་སྙན་གྲགས་བ་དན་སྲིད་རྩེར་བསྒྲེངས་བ་འདི་ཉིད་ཀྱི་ཆགས་ཡུལ་ནི་ཆབ་མདོ་ནོར་བུའི་ས་ཞེས་གྲགས་པའི་རྫ་ཆུའི་ནུབ་ངོས་རྫ་རྒྱལ་གོ་བོ་ཁྱུང་ཕུག་ཅེས་གནས་མཆོག་ཀུན་གྱི་ཡ་གྱལ་དེ་ཝི་ཀོ་ཊི་གཉིས་པའམ་བདེ་མཆོག་གི་ཕོ་བྲང་བུ་གྲགས་པའི་ལྷ་ཞོལ་དུ་མཁས་གྲུབ་བྱེ་བའི་བསྟི་གནས་སྐྱོ་དགོན་བསམ་གྲུབ་གླིང་འདི་ཆགས་ཡོད།
     
གནས་ཀྱི་ཁྱད་པར་རམ་ས་ཡི་དབྱིབས་ནི་དགོན་པའི་སྟེང་དུ་གདུགས་རི་ཞེས་པར་རྨ་བྱའི་གདུགས་རང་ཆས་སུ་ཡོད་ཅིང་འོག་ཏུ་སེང་གེའི་ཁྲི་དང་།  ཁོར་ཡུག་རི་ལ་བཀྲ་ཤིས་རྟགས་བརྒྱད། གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པདྨ་འདབ་བརྒྱད་སོགས་དང་། ཤར་ཕྱེས། ལྷོ་སྤུངས། ནུབ་འདན། བྱང་ཡོལ་བ་སོགས་སྲུང་བཞི་རྣམས་མ་བཅོས་ལྷན་སྐྱེས་སུ་གྲུབ་ཅིང་དགོན་པའི་གཡས་གཡོན་ནས་ཡན་ལག་བརྒྱད་དང་ལྡན་པའི་རྫ་ཆུ་དང་སྐྱེ་ཆུའི་འགྲོའི་རྒྱུན་ལྷུང་དུ་འབབ་ཅིང་མདུན་གྱི་མཚོ་དང་མཚེའུ་རྣམས་སངས་རྒྱས་ཤཀྱཱ་ཐུབ་པའི་རིང་བསྲེལ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དག་ལ་ཡོན་ཆབ་ཀྱི་ཚུལ་དུ་ཀླུ་རྣམས་དགའ་བའི་ལྦུ་ཕྲེང་དང་བཅས་སྔོ་འཁྱིལ་ལེར་གནས་ཤིང་ཕན་ཚུན་གྱི་རིའི་སྤང་ལྗོངས་གཉིས་ཀྱང་གསེར་ཉ་ཁ་སྤྲོད་དུ་ཡོད་པ། ཤར་ཕྱོགས་ཀོ་ཡིས་རི་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གཞན་ཡང་སངས་རྒྱས་སྨན་ལྷ་མཆེདབརྒྱད་དང་ཡིག་དྲུག་སོགས་རང་བྱོན་དཔག་ཏུ་མེད་པ། ལྷ་ཕྱོགས་རྫོངས་མགོ་རི་ལ་འཇམ་མགོན་མི་ཕམ་རིན་པོ་ཆེ་ཡུན་རིང་བཞུགས་པའི་སྒྲུབ་གནས་དང་རྡོ་རྗེ་ཕག་མོའི་རང་བྱོན། ནུབ་ཕྱོགས་སུ་ཨོ་རྒྱན་པདྨ་འབྱུང་གནས་ཟླ་བ་གསུམ་སྨན་གྱི་སྒྲུབ་པ་མཛད་ཅིང་བྱིན་གྱིས་རླབས་པའི་གནས་སམ་རང་གཞན་གྱི་སྐྱེས་ཆེན་དུ་མས་བྱིན་གྱིས་རླབས་པའི་གནས་མཆོག་ཉམས་དགའ་བ། བྱང་ཕྱོགས་རྫ་རྒྱས་མ་གྲགས་པར་ཨོ་རྒྱན་རིན་པོ་ཆེའི་སྐུ་སོགས་རང་བྱོན་དང་གནས་དེར་བསྐོར་ན་བཛྲ་གུ་རུ་འབུམ་ཐེར་འདོན་པའི་ཕན་ཡོན་ཡོད་པ་དང་གཞན་ཡང་དགོན་པ་དང་ཉེ་བའི་རི་དུང་སྨན་རྩིས་ཁང་ཞེས་འགྲོ་བ་རྣམས་ལྔ་པའི་ལམ་ནས་བསུས་ཏེ་རིན་ཆེན་ཚེ་སྲོག་གཉིས་པ་སྟེར་བའི་སྨན་པ་འབུམ་རམས་པ་དྲང་སྲོང་མཆོག་ཀྱང་ད་ལྟ་འཚོ་ཞིང་ཞལ་བཞུགས་ཏེ་འཕྲིན་ལས་ནམ་མཁའ་དང་མཉམ་པ་དེས་ཀྱང་སྔོན་དུས་རབས་བདུན་པར་བྱོན་པའི་སྐྱོ་དགོན་ལྷ་རྗེ་རྟ་མགྲིན་སྲུང་གི་རི་དུང་སྨན་གྲྭ་གཙུགས་ཏེ་འགྲོ་བ་རྣམས་ནད་ཀྱི་སྡུག་སྔལ་ལས་གྲོལ་བའི་ཐུགས་སྨོན་གྱིས་རྒྱུན་སྐྱོངས་བ་སོགས། མདོར་ན། ཁང་ས་ཞིང་ས་ས་ཡི་དགེ། འཐུང་ཆུ་ཡུལ་ཆུ་ཆུ་ཡི་དགེ། གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ། །ཁང་ཤིང་བུད་ཤིང་ཤིང་གི་དགེ །ཁང་རྡོ་ཐབ་རྡོ་ས་ཡི་དགེ། ཞེས་པ་ལྟར་ཡུལ་ལ་དགེ་བཅུ་ཚང་ཞིང་རོང་འབྲོག་བར་གསུམ་གྱི་མི་རྣམས་ཀྱང་ཆོས་ལ་དད་གུས་ཆེ་བ་དགེ་ལ་དགའ་ཞིང་སྡིག་ལ་འཛེམ་པ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལ་གནས་པ་ཞིག་གོ།
     
སྐྱོ་མདའ་དགོན་འདིའི་ཕྱག་འདེབས་པ་པོའི་ལོ་ཚིགས་མི་མཐུན་པ་ཅུང་ཟད་ཡོད་ནའང་ཡོངས་གྲགས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཕྱག་བཏབ་པར་བཤད་ན་འགྲོ་མགོན་ཆོས་རྒྱལ་འཕགས་པ་དགུང་ལོ་སོ་གསུམ་པ་རབ་བྱུང་ལྔ་པའི་མེ་ཡོས༡༢༦༧ལོར་ཧོར་སེ་ཆེན་གྱི་གདན་ཞུས་ལྟར་ཕེབས་སྐབས་དེར་ངོམ་ས་སྒང་བརྒྱུད་གཤེ་ལ་བརྒྱབ་སྟེ་བྱོན་སྐབས་ད་ལྟ་ཕྱག་རྟགས་ཁ་ཞེས་གྲགས་པའི་ས་དེར་དགོན་པ་ཞིག་འདེབས་པར་དགོངས་ནས་ཞག་བཞུགས་མཛད་པ་ན། དེའི་ནུབ་མོ་བླ་མའི་ཆ་ལྷམ་ཝ་ཡིས་སོང་ཞིང་དེ་ནུབ་ཁ་བ་ཆུང་ངུ་ཞིག་འབབ་འདུག་པར་རིམ་བཞིན་རྗེས་ཤུལ་དུ་བཙལ་པས་ད་ལྟ་འདུག་པར་རིམ་བཞིན་རྗེས་ཤུལ་དུ་བཙལ་པས་ད་ལྟ་དགོན་པའི་བྱང་ཕྱོགས་ཝ་ལུང་ཁ་ཞེས་པ་དེར་ཆ་ལྷམ་བཞག་ཡོད་པར་བླ་མས་ད་རྟེན་འབྲེལ་ཡིན་པསདགོན་པ་འདིར་འདེབས་དགོས་གསུངས་ནས་ས་ཡི་དབུས་ཉིད་དུ་སྐྱོ་མདའ་བསམ་གྲུབ་གླིང་འདི་ཕྱག་བཏབ། ནང་རྟེན་དུ་ཧོར་སེ་ཆེན་རྒྱལ་པོས་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེར་ཕུལ་བའི་ཤཱཀྱ་ཐུབ་པའི་རིང་བསྲེལ་དངུལ་གྱི་ཟ་མ་ཏོག་ཏུ་བཞུགས་པ། འགྲོ་མགོན་འཕགས་པ་རིན་པོ་མཆོག་གི་པཎ་ཞྭ་དང་ཕྱག་དྲིལ་སོགས་བསྩལ་ཅིང་འགྲོ་མགོན་འཕགས་པ་རིན་པོ་ཆེ་ཉིད་ཀྱི་ཕྱག་བཟོའི་སྲི་དང་སྦ་ལས་གྲུབ་པའི་གུར་གྱི་མགོན་པོའི་ཞལ་འབག   འཕགས་པ་རིན་པོ་ཆེ་ཉིད་ཀྱི་ཕྱག་བཟོའི་སྨན་འདམ་གྱི་གུར་མགོན་བཀའ་གདམས་མགོན་པོ་ཞེས་གྲགས་པ་སོགས་གནང་ཞིང་། གསུང་རྟེན་དུ་མཐིང་ཤོག་ལ་གསེར་དངུལ་སྤེལ་མས་བྲིས་པའི་རྒྱལ་བའི་བཀའ་འགྱུར་སོགས་བསྩལ་སྟེ་རིམ་བཞིན་གྱི་ཐང་བརྒྱུད་དེ་གླེ་མདའ་དང་འདམ་ཐོག་སོགས་བཏབ་པར་གྲགས། འགྲོ་མགོན་འཕགས་པ་རིན་པོ་ཆེའི་འཕྲིན་ལས་རྨད་དུ་བྱུང་བའི་སྐྱོ་དགོན་གྱི་གདན་རབས་རིམ་བྱོན་གྱིས་གདན་ས་བསྐྱངས་བའི་ཚུལ་ནི། གདན་རབས་དང་པོ་གནས་བརྟན་བ་ཀུ་ལ་ཡི་སྤྲུལ་པ་རྒྱལ་མཚན་བཟང་པོས་སྤྱི་ལོ་༡༩༣༥ནས་སྤྱི་ལོ་༡༩༥༢བར་གདན་ས་ལོ་བཅུ་བདུན་བསྐྱངས། གདན་རབས་གཉིས་པ་འགྲོ་མགོན་བློ་གྲོས་བཟང་པོས་གདན་ས་ལོ་ཉི་ཤུ་རྩ་བརྒྱད་བསྐྱངས། གསུམ་པ་པཎ་ཆེན་ལྷ་དབང་བློ་གྲོས་ཀྱིས་གདན་ས་ལོ་སོ་བཞིར་བསྐྱངས། བཞི་པ་གཙང་སྟོན་ཕྱོགས་ལས་རྣམ་རྒྱལ་གྱིས་གདན་ས་ལོ་སོ་བཞི་བསྐྱངས། ལྔ་པ་བདག་ཆེན་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་གདན་ས་ལོ་བཅུ་བསྐྱངས། དྲུག་པ་བདག་ཆེན་རྒྱལ་བའི་དབོན་པོ་བདག་ཆེན་འཇམ་དབྱངས་ཀུན་དགའ་བློ་གྲོས་ལེགས་པའི་འབྱུང་གནས་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་གདན་ས་ལོ་ཞེ་གཅིག་བསྐྱངས། བདུན་པ་བསོད་ནམས་རྒྱལ་མཚན་གྱིས་གདན་ས་ལོ་གསུམ་བསྐྱངས། བརྒྱད་པ་ཆོས་རྗེ་བྱམས་པ་རིན་ཆེན་རྣམ་རྒྱལ་གྱིས་གདན་ས་ལོ་བཅུ་དགུ་བསྐྱངས། དགུ་པ་ཆོས་གླིང་དྲུང་ཀུན་དགའ་རྒྱལ་མཚན་གྱིས་གདན་ས་ལོ་བདུན་བསྐྱངས། བཅུ་པ་རབ་འབྱམས་པ་དཀོན་མཆོག་ཆོས་འཕེལ་གྱིས་གདན་ས་ལོ་ཉེར་གཉིས་བསྐྱངས། བཅུ་གཅིག་པ་བུ་ཆེན་པདྨ་ཆོས་འཕེལ་གྱིས་གདན་ས་ལོ་དྲུག་བསྐྱངས། བཅུ་གཉིས་པ་རབ་འབྱམས་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་གདན་ས་ལོ་བཅུ་གཅིག་བསྐྱངས། བཅུ་གསུམ་པ་རབ་འབྱམས་པ་མགོན་པོ་རྒྱལ་མཚན་གྱིས་གདན་ས་ལོ་སོ་གཅིག་བསྐྱངས། བཅུ་བཞི་པ་སྐྱོ་མདའ་སྤྲུལ་སྐུ་སྐུ་ཕྲེང་དང་པོ་འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱིས་གདན་ས་ལོ་སོ་བཞིར་བསྐྱངས། དེའི་རྗེས་སུ་རིམ་བཞིན་བཅོ་ལྔ་པ་སྐྱོ་སྤྲུལ་སྐུ་ཕྲེང་གཉིས་པ་འཇམ་དབྱངས་ཀུན་དགའ་བསྟན་འཛིན་གྱིས་གདན་ས་བསྐྱངས། བཅུ་དྲུག་པ་སྐྱོ་མདའ་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་འཇམ་མགོན་བསྟན་པའི་ཉི་མའི་གདན་ས་བསྐྱངས། བཅུ་བདུན་པ་སྐྱོ་མདའ་སྤྲུལ་སྐུ་སྐུ་ཕྲེང་བཞི་པ་ངག་དབང་ཆོས་འཕེལ་གྲགས་པའི་གདན་ས་བསྐྱངས། བཅོ་བརྒྱད་པ་སྐྱོ་མདའ་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་ཀུན་དགའ་རྒྱལ་མཚན་གྱིས་གདན་ས་བསྐྱངས། བཅུ་དགུ་པ་སྐྱོ་མདའ་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་ངག་དབང་འཇམ་དཔལ་བཟང་པོ་བཅས་གདན་རབས་བཅུ་དགུས་དམངས་གཙོའི་བཅོས་བསྒྱུར་གོང་བ་དུ་སྐྱོ་མདའ་བསམ་གྲུབ་གླིང་གི་གདན་ས་བསྐྱངས་སོ། ཉི་ཤུ་པ་སྐྱོ་མདའ་སྤྲུལ་སྐུ་སྐུ་ཕྲེང་བདུན་པ་ངག་དབང་བྱམས་པ་བསྟན་འཛིན་གྱིས་གདན་ས་ལོ་དུ་མར་བསྐྱངས་ཏེ་མཐར་སྤྱི་ལོ་ཉིས་སྟོང་ལྔ་དྲུག་ཡས་མས་སུ་ཁྲིམས་འགལ་གྱི་ལས་བྱས་པས་ཁག་ཕོག་སྟེ་གདན་ས་སྐྱོང་བའི་སྐབས་མ་མཆིས་སོ། འདས་པའི་ལོ་རྒྱུས་ཐོག་དགོན་འདིའི་གདན་རབས་བཅུ་པ་མཁས་ཤིང་གྲུབ་པའི་བདག་ཉིད་ཆེན་པོ་རབ་འབྱམས་པ་དཀོན་མཆོག་ཆོས་འཕེལ་ཉིད་ཀྱི་སྐབས་དགོན་འདིར་འདུས་ཚོགས་ཤིན་ཏུ་རྒྱས་པ་བྱུང་ཤིང་སྟོད་ཕྱོགས་ཁོ་ན་ནས་དགེ་འདུན་ལྔ་བརྒྱ་ཙམ་འདུས་པའི་སྐོར་གདན་རབས་རྣམ་ཐར་ལས་གསལ་བ་མ་ཟད་དགོན་པའི་གླིང་ནང་ལ་ཡང་ཤར་ཁ་ཕྱོགས་པ་དང་། རྒ་་ཕྱོགས་པ་སོགས་ཁང་ཚན་མང་པོ་ཡོད་ཚུལ་དང་ཁམས་ཕྱོགས་ཀྱི་ས་དགོན་ཕལ་ཆེར་དགོན་འདིར་གྲྭ་རྒྱུན་ལ་ཕེབས་ཏེ་གཙང་ངོར་རུ་དགོན་དུ་གྲྭ་རྒྱུན་ཆད་ལ་ཉེ་བ་བྱུང་ཞེས་གྲགས། སྐྱོ་མདའི་གདན་རབས་བཅུ་བཞི་པ་སྐྱོ་མདའ་སྤྲུལ་སྐུ་སྐུ་ཕྲེང་དང་པོ་འཕགས་པ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་དཔལ་ལྡན་ས་སྐྱ་པའི་རིང་ལུགས་འཛིན་པ་ས་ངོར་ཚར་གསུམ་གྱི་བསྟན་པ་ཕྱོགས་མཐའ་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པར་མཛད་པ་དང་ཡང་སྒོས་སྐྱོ་མདའ་དགོན་འདིའི་ཕྱི་ནང་གི་རྟེན་གཞི་དང་འདུསསྡེའི་བཅའ་ཁྲིམས། རྒྱུད་སྡེའི་ཕྱག་ལེན། སྙིང་པོའི་ཉམས་བཞེས་མཛད་པ་མ་ཟད་མགོན་པོའི་སྙན་རྒྱུད་ཀྱི་མངའ་བདག་ཏུ་གྱུར་ནས་གདན་ས་ལོ་སུམ་ཅུ་སོ་བཞི་བསྐྱངས་པ་ཕྱིས་སྐྱོ་མདའི་དགོན་བདག་སྐྱོ་མདའ་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་གྱིས་གནང་ནས་ཟུར་དུ་དགོན་བདག་ཆོས་རྗེ་བཀོད་སྲོལ་མེད་ལ་དམངས་གཙོའི་བཅོས་བསྒྱུར་གོང་དགོན་པ་རང་ལ་མདོ་སྔགས་ཀྱི་འཆད་ཉན་ཅུང་ཟད་ཡོད་རུང་ཁམས་ཕྱོགས་ཀྱི་ངོར་དགོན་གཞན་ལྟར་གཙང་ངོར་རུ་དགོན་དུ་གྲྭ་རྒྱུན་ལ་ཕེབས་ཏེ་དགེ་ཚུལ་སློང་དང་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་སོགས་དབང་ཀ་རྣམས་གསན་ཏེ་མར་ཡོང་ནས་སྒྲུབ་ཁང་ནང་བཞུགས་ཏེ་ཀྱཻ་རྡོར་སོགས་ས་སྐྱ་པའི་སྙན་རྒྱུད་ཀྱི་སྐོར་ལ་སྙན་ཚད་བཞག་དགོས། དེ་སྐབས་སུ་འདུ་ཁང་ཡང་ཚོགས་ཆེན་གོང་། གླིང་སྟོད་སྨད་ཀྱི་སློབ་དཔོན་གྱི་བླ་བྲང་གཉིས། སྐྱོ་མདའ་ཆོས་རྗེ་དང་དབོན་ཆུང་རྣམ་གཉིས་ཀྱི་བླ་བྲང་། སྔར་དགོན་པར་མེ་ཤོར་སྐབས་མེ་ཡི་མ་འཇིག་པར་གྲགས་པའི་བྱམས་ཁང་མགོན་ཁང་། རྒྱབ་རི་ཁང་། གཞུང་གཉེར་ཁང་། བསྙུང་གནས་ལྷ་ཁང་དང་གྲྭ་ཁང་མང་པོ་ཡོད། དགེ་འདུན་ཡང་ཆོས་རྗེ་རྣམ་གཉིས་དང་སློབ་དཔོན་སློབ་ཟུར་སྡེ་སྣོད་མདོ་རྒྱུད་དག་ལ་མཁས་པ་སོགས་དགེ་འདུན་སུམ་བརྒྱ་ལྷག་ཙམ་བཞུགས། དགེ་འདུན་པ་དག་གི་འཕྱི་ཞྭ་དམར་པོའི་སྟེང་དུ་གསེར་ཏོག་ཆུང་ངུ་རེ་བཙུགས་ཏེ་མནབས་ཡོད། དེའི་རྒྱུ་མཚན་ནི་སྔོན་འགྲོ་མགོན་ཆོས་འཕགས་ཀྱི་གྲྭ་ཁང་རེ་ལ་གཉྫི་ར་རེ་བཙུགས་ཆོག་པའི་ཐོབ་ཆ་ཡོད་པའི་བརྡ་རེད་ཅེས་བཤད་སྲོལ་འདུག   འདུ་ཁང་དེ་དག་ཏུ་བཞུགས་པའི་རྟེན་གཙོ་འགའ་ཞིག་སྨོས་ན་ལི་མ་ལས་གྲུབ་པའི་དུས་གསུམ་སངས་རྒྱས། ལི་མའི་ཐེག་ཆེན་ཆོས་རྒྱལ། ལི་མའི་རྐྱེེ་རྡོ་རྗེ་ལ་ལྷ་མོ་དགུས་བསྐོར་བ། གུར་ཐང་མེ་འབར་མ་དང་། སྒྲོལ་ཐང་གསུང་བྱོན་མ། སྔར་མོ་ཤོར་སྐབས་མེ་མ་བཞེས་པར་གྲགས་པའི་ཐང་ཀ་འགའ་ཞིག   གནའ་སྔ་མོའི་ལྷ་བཟོས་བྲིས་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་རྣམ་ཐར་གོས་ཆེན་སེར་པོ་ལ་མཚལ་གྱིས་བྲིས་པ། འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱིས་བཞེངས་པའི་ལམ་འབྲས་བླ་མ་རྒྱུད་པའི་ཞལ་ཐང་དང་སྐྱེས་རབས། མཛད་བཅུ་སོགས་ཞལ་ཐང་ཡང་གཞལ་གྱིས་མི་ལང་། གསུང་རྟེན་ནི་འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱིས་མཁན་ཆེན་བཟང་པོ་རྒྱལ་མཚན་གྱི་དགོངས་རྫོགས་སུ་བཞེངས་པའི་གསེར་དངུལ་སྤེལ་མས་བྲིས་པའི་གུར་རྟག་སམ་གསུམ། གོང་མ་རྣམ་ལྔ་དང་། ངོར་ཆེན་ཀུན་དགའ་བཟང་པོ་སོགས་ཀྱི་ཀའ་འབུམ་སོགས་བཀའ་འབུམ་གྱི་རིགས་དང་སྡེ་དགེ། ལི་ཐང་། ཆབ་མདོ་སོགས་ཀྱི་བཀའ་བསྟན་འགྱུར་སོགས་གསུང་རྟེན་ཡང་ཚད་མེད། ཐུགས་རྟེན་སྐོར། འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཧོར་སེ་ཆེན་རྒྱལ་པོས་དབང་ཡོན་གསུམ་པའི་སྐབས་སུ་ཕུལ་བའི་སངས་རྒྱས་ཤཱ་ཀྱ་ཐུབ་པའི་རིང་བསྲེལ་དངུལ་སྣོད་ཅན། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཕྱག་དྲིལ་རྒྱ་གར་མ། ཕྱག་དྲིལ་འདིས་གསུང་སྐད་ལན་གཅིག་ཐོས་ན་ངན་སོང་གི་སྒོ་ཁེག་པ་བླ་མ་དམ་པའི་ཞལ་ལས་ཐོས། འགྲོ་མགོན་ཆོས་འཕགས་ཀྱི་པཎ་ཞྭ་དམར་པོ་གསེར་རིས་རྟགས་ཅན། འགྲོ་མགོན་ཆོས་འཕགས་ཀྱིས་གནང་བའི་སྲི་དང་རྦ་ལས་བཟོས་པའི་གུར་གྱི་མགོན་པོའི་ཞལ་འབགས། འགྲོ་མགོན་ཆོས་འཕགས་ཀྱི་ཕྱག་བཟོའི་མགོན་པོའི་ཞལ་འབག། ཡོན་དགེ་མི་འགྱུར་བའི་གཏེར་ཁྲི་རྒྱལ་བ་ལྔ་པའི་དབུ་པཎ། མཁནརབས་བཅུ་པ་རབ་འབྱམས་དཀོན་མཆོག་ཆོས་འཕེལ་གྱི་དབུ་ཐོ་ལ་རིང་བསྲེལ་དུ་མས་སྤྲས་པ། འདི་ལ་དམ་པ་གོང་རྣམས་ཀྱིས་ཀྱེེ་རྡོ་རྗེ་དགུར་ངོས་འཛིན་བྱེད་འདུག། རྗེ་འདི་ཡི་རྐང་འགོའི་སྦུབ་ཏུ་དབུས་སུ་ཕྱག་དྲུག་པ། གཡས་སུ་ཀྵེ་ཊ་པ་ལ། གཡོན་དུ་ཛཱི་ན་མིཊ་བཅས་ཀྱི་རང་བྱོན་གསལ་བར་ཡོད་པ། མཁན་རབས་བརྒྱད་པ་བྱམས་པ་རིན་ཆེན་རྣམ་རྒྱལ་གྱི་ཐུགས། ངོར་ཆེན་ཀུན་དགའ་བཟང་པོའི་ཆོས་གོས། འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་བེར། གཞན་ཡང་འཁར་རྔ་དང་རོལ་མོ་སོགས་ཆོས་ཆས་རྙིང་མ་ཧ་ཅང་མང་པོ་བཞུགས་ཡོད། ཕྱིས་ཉམས་གསོ་བསྐྱར་བཞེངས་ཞུས་པའི་གཙུག་ལག་ཁང་སྦུག་མར་གཙང་ཁང་ནང་དབུས་སུ་སྟོན་པ་ཤཱཀྱ་ཐུབ་པ། གཡས་གཡོན་དུ་བྱམས་པ་དང་འཇམ་དབྱངས་གཉིས། སྟོན་པའི་གཡས་སུ་མཁན་སློབ་ཆོས་གསུམ། གཡོན་དུ་ས་པཎ་དང་ཀྱཻ་རྡོར། དགོན་འདི་ཉམས་གསོ་བསྐྱར་བཞེང་གནང་མཁན་མཁན་པོ་ངག་དབང་བཟོད་པའི་འདྲ་སྐུ་དང་ཚེ་ལྷ་རྣམ་གསུམ་སོགས་སྐུ་རྒྱུ་སྨན་འདམ་ལས་གྲུབ་པ་བྱིན་ཅན་དང་། མདུན་ངོས་ཀྱི་དྲི་གཙང་ཁང་དུ་དབུས་སུ་སྟོན་པ་དང་། གཡས་གཡོན་དུ་གོང་མ་རྣམ་ལྔ། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སྐྱོ་མདའི་གདན་རབས་དང་པོ་ཆོས་རྗེ་རྒྱལ་མཚན་བཟང་པོའི་འདྲ་སྐུ་བཅས་སྨན་འདམས་ལས་གྲུབ་པ་དང་། གྱང་ལྡེབས་སུ་སྟོན་པའི་མཛད་བརྒྱ་དཔག་བསམ་འཁྲི་ཤིང་དང་། གནས་བརྟན་བཅུ་དྲུག ཐང་སྟོང་རྒྱལ་པོ། མར་མི་དྭགས་གསུམ། ལྟུང་བཤགས་སོ་ལྔ། རྟ་མགྲིན། གུར་ཞལ་ལྕམ་གསུམ། རྣམ་སྲས་ཞིང་བཀོད། རྒྱ་མཐོངས་སུ་རྡོ་འཆང་གཙོ་བཞུགས་ལམ་འབྲས་བླ་བརྒྱུད་ཆ་ཚང་། རྒྱ་དྲུག་མཆོག་གཉིས།   གཡས་གཡོན་དུ་ཀྱེེ་རྡོར་ལྷ་དགུ། བདེ་མཆོག་མཁའ་སྤྱོད་ཞིང་བཀོད། མི་འཁྲུགས་ལྷ་དགུ་དང་ཀུན་རིགས་རྩ་ལྷ་སོ་བདུན་བཅས་དང་། མགོན་ཁང་དུ་དཔལ་མགོན་ཞལ་བཞི་དང་གུར་མགོན་ལ་ལས་མགོན་ལྔས་བསྐོར་བ། དཔལ་ལྡན་ལྷ་མོ་དང་ཡུལ་ཆེན་བཅས་སྨན་འདམ་དང་། གྱང་ལྡེབས་སུ་ཀྱེེ་རྡོར་ལྷ་དགུ། མགོན་པོ་ཁྲོ་བཅུ། འཇིགས་བྱེད། དཔལ་མགོན་ལ་ཡུམ་ཆེན་སྲིང་མོ་བཞིས་བསྐོར་བ། རྒྱལ་ཆེན་རྣམ་སྲས་ལ་རྟ་བདག་བརྒྱད་ཀྱིས་བསྐོར་བ། གདུགས་དཀར། མགོན་པོའི་བསྐང་རྫས་སོགས་ཡོད། བྱམས་ཁང་རྙིང་པ་ངོ་མཚར་བྱིན་རླབས་ཅན་གྱི་ནང་དབུས་སུ་གསར་བཞེངས་གསེར་ཟངས་ལས་གྲུབ་པའི་བྱམས་པ་དང་གཡས་གཡོན་དུ་ཀུན་རིགས་དང་མི་འཁྲུགས་པ། དེ་བཞིན་སྨན་འདམ་ལས་གྲུབ་པའི་བྱམས་པ་སྟོང་སྐུ། མགོན་ཆུང་ནང་སྨན་འདམ་ལས་གྲུབ་པའི་ངོར་ཆེན་གྱི་འདྲ་སྐུ་དང་ལི་མའི་སྐུ་འདྲ་དང་ཐང་ག་རྙིང་པ་རོལ་མོ་དང་སིལ་སྙན་སོགས་མཆོད་ཆས་མང་དག་གཞུགས་ཤིང་། སྒོ་མཆོར་དུ་རྒྱལ་ཆེན་སྡེ་བཞི་གཞི་བདག་དང་ཕྱོགས་སྐྱོང་གི་གྱང་རིས། ངོར་ཆེན་ཀུན་བཟང་འཁོར་ལོ། འདུལ་བའི་དཔེ་རིས། མཎྜ་ལ་གྱི་བཀོད་པ། སྲིད་པའི་འཁོར་ལོ་བཅས་བཞུགས་ཡོད་ལ། དུས་མཆོད་ཀྱི་སྐོར་ལ་ཧོར་ཟླ་དགུ་པའི་ཚེས་བཅུ་བཞི་ལ་ས་ཆེན་ཀུན་དགའ་སྙིང་པོའི་དུས་ཆེན་ས་བསྐོར། ཧོར་ཟླ་བཅུ་པའི་ཚེས་ཉི་ཤུ་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་བཞི་བར་སྤྱི་རིམ་མགོན་པོའི་བསྐང་ཆོག་ངོར་ལུགས་ཐུན་མོང་མ་ཡིན་པ་ལ་སྐྱོ་ལུགས་སུ་ཁ་བསྐངས་བྱས་པ་དང་མགོན་པོའི་དམར་ཆེན་གཏོར་ཟློག་བཅས་དང་། ཚེས་བཞི་ནས་མགོན་པོའི་མདོས་ཆེན་དང་གར་འཆམ་ཉིན་བཞི་བཅས་ཡོད། ཧོར་ཟླ་དང་པོའི་ཚེས་བརྒྱད་ནས་རྡུལ་ཚོན་དང་འབྲེལ་བའི་ཀུན་རིགས་སྒྲུབ་མཆོད་ཚོགས་དགོས། ས་ག་ཟླ་བའི་ཚེས་ཉེར་གསུམ་ནས་ཚེས་སུམ་ཅུ་བར་ཉིན་བརྒྱད་ཀྱི་རིང་ངོར་ཆེན་ཀུན་དགའ་བཟང་པོས་དུས་ཆེན་ལ་རྡུལ་ཚོན་དང་འབྲེལ་བའི་ཀྱེེ་རྡོར་སྒྲུབ་མཆོད་ཚོགས་དགོས། ཧོར་ཟླ་ལྔ་པའི་ཚེས་དགུ་ནས་བཅུ་བར་ཉིན་གཉིས་ལ་སྐྱོ་མདའི་གདན་རབས་དང་པོ་རྒྱལ་མཚན་བཟང་པོའི་དུས་ཆེན་ལ་བསྐང་ཆོག་དང་མཁའ་སྤྱོད་ཆོག་བཅས་ཚོགས་དགོས། ཧོར་ཟླ་ལྔ་པའི་ཚེས་བཅུ་བཞི་ནས་དབྱར་གནས་ཀྱི་སྔོན་འགྲོའི་འགོ་བརྩམས་ཏེ་ཉིན་ཞེ་ལྔའི་རིང་དབྱར་གནས་ཚོགས་དགོས་ལ་དུས་མཆོད་དེ་དག་གི་སྐབས་སུ་སྔོན་མ་ཡིན་ན་སྤྱི་གཉེར། དངུལ་གཉེར། དུང་གཉེར། མཚམས་གཉེར། མི་གཞི་བ། སྤྱི་པ་ཚང་། གཉེར་སར་མ། བླ་བྲང་གཉེར་པ་སོགས་གཉེར་ཁག་མང་པོའི་གཏོང་སྒོ་རྒྱག་དགོས་ལ། ད་ལྟ་ནི་དེ་དག་ཐམས་ཅད་སྤྱི་གཉེར་གྱི་གཏོང་སྒོ་རྒྱག་དགོས། དགོན་པའི་སྒྲིག་གཞིའི་སྐོར་ནི། འཇམ་དབྱངས་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་ཀྱི་གནང་བའི་བཅའ་ཡིག་ལྟར་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་གསོ་སྦྱོང་དང་། དབྱར་གནས། དགག་དབྱེ་སོགས་གཞིར་བཞག་ལ་ཚོགས་དུས་མཆོད། ཆོ་ག་ཕྱག་ལེན། འབུད་རྡུ་དཀྲོལ་གསུམ་གར་ཐིག་དབྱངས་སོགས་སྔར་རྒྱུན་མ་ཉམས་པ་ཡོད་ལ་རིག་གནས་གསར་བརྗེའི་དུས་ཟིང་འཇགས་རྗེས་ཕྱོགས་ཡོངས་ནས་ཆོས་དད་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་འགོ་ཚུགས་པའི་སྐབས་རབ་བྱུང་བཅུ་དྲུག་ལྕགས་བྱ་༡༩༨༡ལོའི་ཆོ་འཕྲུལ་ཟླ་བའི་ཚེས་༡༥ལ་བྱམས་ཁང་ནང་སྐར་འཛིན་བྱས་ཏེ་རིམ་བཞིན་རིམ་པ་གོང་འོག་ཆོག་མཆན་ཞུས་པ་བརྒྱུད་༡༩༨༥ལོར་ཆོག་མཆན་ཐོབ་སྟེ་ཉམས་གསོའི་དབུ་ཚུགས་སྐབས་སུ་བླ་གྲྭ་རྒན་པ་འགའ་རེ་མ་གཏོགས་གྲྭ་བཙུན་མང་ཆེ་བའི་དགེ་ཚུལ་སློང་ཞུ་དགོས་པས་སྔར་མོ་ལྟར་ས་ངོར་སོགས་ལ་འགྲོ་ས་མེད་སྟབས་ཆབ་མདོའི་བླ་སྤྲུལ་དག་གི་མདུན་ནས་དགེ་ཚུལ་སློང་སྒྲུབ་པ་དང་དབང་བཀའ་གསན་པ་སོགས་བྱུང་ཡང་ཆོ་ག་ཕྱག་ལེན་སྔར་ལྟར་གནས་ཡོད་ལ་སྒྲུབ་གྲྭ་བདུད་ལས་རྣམ་རྒྱལ་ནི་སྔོན་འཇམ་དབྱངས་མཁྱེན་རྩེ་དབང་པོ་སྐྱོ་མདར་ཕེབས་ཏེ་གསུང་ངག་རིན་པོ་ཆེ་ལམ་འབྲས་གནང་ཞིང་དེའི་བཀའ་དོན་རྗེས་སྒྲུབ་ཀྱི་ཚུལ་དུ་དགོན་པའི་སྒྲུབ་གྲྭ་བཙུགས་པར་གྲགས་ལ། ཕྱིས་སུ་དགོན་པ་ཉམས་གསོ་གྲུབ་ནས་གཞུང་གཉེར་སྐྱིད་སྡེ་ཉི་མ་དང་ལོ་ཡག་ཚེ་རིང་གཉིས་ཀྱི་སྐབས་སུ་དགེ་འདུན་བཞི་སྡེ་རེ་དང་དེ་ལ་མཚམས་གཡོག་གཅིག་བཅས་ཟླ་བ་དྲུག་རེ་ལ་ཀྱེེ་རྡོ་རྗེའི་གཞི་བསྙེན་བཞུགས་རྒྱུའི་རྒྱུན་གཙུགས་ཏེ་ད་ལྟ་གྲྭ་པ་ཕལ་ཆེར་ཀྱེེ་རྡོ་རྗེའི་གཞི་སྙེན་བཞག་ཟིན་ཡོད། བཤད་གྲྭ་ལྔ་རིག་བཤད་སྒྲུབ་འཕེལ་རྒྱས་གླིང་ནི་སྔར་སྐྱོ་མདའ་དགོན་འདིར་འགྲོ་མགོན་འཕགས་པས་ཕྱག་བཏབ་པ་ནས་བཟུང་གདན་རབས་བཅུ་གསུམ་གྱི་རིམ་པར་དར་རྒྱས་མཛད་དེ་ཐོག་མར་མདོ་ཕྱོགས་རྩོད་གྲྭ་ཚུགས། གདན་རབས་བཞི་པ་གཙང་སྟོན་ཕྱོགས་ལས་རྣམ་རྒྱལ་གྱི་གོང་དུ་དགོན་འདིར་མཚན་ཉིད་ཀྱི་བཤད་པ་ལས་སྔགས་ཀྱི་བཤད་པ་ཆེར་མེད་པར་སྣང་། གཙང་སྟོན་ཕྱོགས་རྒྱལ་བ་ཁོང་གི་རྒྱུད་སྡེ་མང་པོའི་དབང་དང་གསུམ་ངག་རིན་པོ་ཆེ་ཚར་མང་དུ་གནང་བ་ལ་བརྟེན་མདོ་སྔགས་ཟུང་འབྲེལ་གྱི་གྲྭ་ཚང་དུ་གྱུར་སྟེ་ཁམས་ཕྱོགས་ཀྱི་དཔལ་ལྡན་ས་སྐྱའི་མ་དགོན་ལྟ་བུར་གྲགས་ན་ཡང་ཕྱིས་རབ་བྱུང་བཅུ་བདུན་ཡས་མས་ནས་ཆོ་ག་ཕྱག་ལེན་དང་དུས་མཆོད། སྒྲུབ་མཆོད། ཐིག་རྡུལ་ཚོན། གཏོར་བཟོ། གར་འཆམ་སོགས་ལ་དང་དོད་ཆེ་ཙམ་བྱེད་པ་ལས་རང་ལུགས་ཀྱི་བླ་མའི་དབང་བཀའ་དང་དེ་དག་གི་གཞུང་ལ་ཐོས་བསམ་གྱི་བྱ་བཞག་ཉག་ཕྲར་གྱུར་པའི་སྐབས་དེར་དགོན་པའི་བླ་མ་འདུ་ར་སོགས་བཀའ་གྲོས་ལྟར་སྡེ་དགེ་རྫོང་སར་ཁམས་བྱེའི་མཁན་པོ་པདྨ་དམ་ཆོས་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་རབ་བྱུང་བཅུ་དྲུག་ལྕགས་སྦྲུལ་༢༠༠༡ལོར་མཁས་གྲུབ་བྱེ་བའི་བསྟི་གནས་སྐྱོ་མདའ་བསམ་འགྲུབ་གླིང་དུ་ཕྱག་ཕེབས་ཏེ་ཆོ་ཕྲུལ་ཟླ་བའི་དུས་ཚེས་བཟང་པོར་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ཀྱི་དབང་ལུང་ཀྱི་བཀའ་དྲིན་བསྩལ་བས་བླ་གྲྭ་མང་པོས་འཁོར་འདས་དབྱེར་མེད་རྒྱུགས་སྤྲོད་གནང་བ་མ་ཟད་བཤད་གྲྭ་བཞེངས་པར་ཁས་ལེན་ཞུས་པས། བླ་མས་དགྱེས་བཞིན་དུ་ས་གཞིར་བྱིན་གྱིས་བརླབས་པ་ལ་བརྟེན་རབ་བྱུང་བཅུ་བདུན་ཤིང་སྦྲེལ་༢༠༠ལོར་བྱམས་པ་སྟོབས་རྒྱལ་དང་ལོ་ཡག་གཉིས་གཞུང་གཉེར་སྐབས་རིམ་པར་གོང་རིམ་ལ་ཆོག་མཆན་ཞུ་བ་དང་འབྲེལ་རྫོང་སར་ལྔ་རིག་སློབ་གླིང་ནས་བྲག་གཡབ་སྒྲུབ་དགོན་གྱི་བླ་མ་ཚེ་རིང་འཕྲིན་ལས་ཆོག་གདན་འདྲེན་ཞུས་ཏེ་ལོ་དེའི་ཟླ་བ་དྲུག་པའི་ཚེས་བཞི་རྣམ་འདྲེན་ཐུབ་པའི་དབང་པོས་བདེན་བཞིའི་ཆོས་འཁོར་སྐོར་བའི་དུས་བཟང་པོར་བཤད་གྲྭའི་ཉམས་གསོའི་དབུ་བཙུགས་པའི་སྐྱོ་མདའ་མཚན་ཉིད་བཤད་གྲྭ་ཁང་འདུ་ཁང་ཀ་བརྒྱད་མ་དང་། གྲྭ་ཁང་ཁང་མིག་སུམ་བཅུ་སོ་བརྒྱད་བར་འཁྱམས་རྒྱ་ཁྱོན་ཆེ་བ་བཅས་བཀོད་ལེགས་སྒྲོས་གཙང་ཅན་གསར་བཞེངས་ཞུས་པའི་ངན་བཤད་གྲྭ་བ་བཞི་བཅུ་ཞེ་ལྔ་དང་མཁན་པོ་གཅིག་བཅས་ཀྱིས་མདོ་སྔགས་རིག་གནས་བཅས་པར་ཐོས་བསམ་མཐར་ཕྱིན་གནང་སྟེ་སྐྱོ་མདའ་དགོན་འདི་ལོ་རྒྱུས་ཐོག་ཁམས་ཕྱོགས་ཀྱི་དཔལ་ལྡན་ས་སྐྱ་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འཛིན་པའི་མ་དགོན་ལྟ་བུར་གྲགས་པའི་སྙན་གྲགས་ཀྱི་རྒྱུན་སྐྱོང་བཞིན་ཡོད།
     
སྐྱོད་མདའ་དགོན་ནི་ཆབ་མདོ་རྗོང་རི་དུང་ཤང་ཁོངས་ཆབ་མདོ་གྲོང་བརྡལ་ནས་བྱང་ཕྱོགས་བརྒྱུད་སྤྱི་ལེ་ལྔ་བཅུ་ལྷག་ཙམ་གྱི་རྫ་ཆུའི་ནུབ་ངོས་སུ་གནས་ཡོད་ཅིང་། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབ་པ་ནས་བཟུང་ད་བར་ལོ་༧༠སོང་ཡོད་པ་བཅས་སོ།།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060