གནས་ཡུལ། མདུན་ངོས། སྐད་ཡིག་གི་དཔྱད་རྩོམ།
 
 
༄༅།།མ་འོངས་བདེ་ཆེན་བོད་མིའི་མདུན་ལམ་གླེང་བ།
སྤེལ་དུས།2009-03-26   ཡོང་ཁུངས་།གུར་ཀུམ་ཆུན་པོ།   རྩོམ་པ་པོ། རྟོགས་ལྡན་བསྐལ་ཁོ། དབང་འདུས་ཀྱིས་ཞུས།

གངས་རི་ར་བས་བསྐོར་བའི་ཡུལ་གྲུ། ཆེན་པོ་བོད་ཀྱི་ཞིང་མཆོག ས་སྒང་འདིར་འགྲོ་བ་མིའི་རིགས་གཞི་ནས་ཆགས་པར་ཆེས་སྔ་ཤོས་སུ་གྲགས་པ། ཆོས་དང་རིག་གནས་ཀྱི་ལོ་རྒྱུས་རིང་ཞིང་རང་བྱུང་ཁོར་ཡུག་གི་རྣམ་པ་ལ་འབག་བཙོག་གི་རྫས་ངན་གྱིས་མ་གོས་པའི་གནས་མཆོག་འདི་ལ་དབྱེ་ན། མདོ་དབུས་ཁམས་གསུམ་དུ་གྲགས་པ་ལས་ཁམས་པའི་ཁོངས་གཏོགས། བོད་ཁམས་བྱིངས་ཀྱི་ཤར་ལྷོའི་ཕྱོགས་སུ་གཏོགས་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི། རྫོང་གསུམ་དང་མི་གྲངས་ཁྲི་༡༣ལྷག་གིས་གྲུབ་པའི་ས་ཁུལ་ཞིག་རེད། 

རང་བྱུང་གི་ཐོན་ཁུངས་མང་བ་དང་ས་ཁྱོན་རྒྱ་ཆེ་ཞིང་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་གྲུ་ཞིག་ཏུ་ངེས་པས། ཉེ་ཆར་རྒྱལ་ནང་ཙམ་མ་ཟད་རྒྱལ་སྤྱིའི་མི་རིགས་མང་བོ་བསྟུད་མར་ཡུལ་སྐོར་ལ་ཡོང་གི་ཡོད་་པ་དང་། ཤམ་བྷ་ལཞེས་པའི་མཚན་སྙན་ཞིག་ཀྱང་བཏགས་ཡོད་པ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་ནས་འདུག

ད་ལམ་ཁོ་བོ་ཡངབདེ་ཆེན་ཚགས་པར་ཁང་གི་རྩོམ་སྒྲིག་པ་བཀྲ་ཤིས་དོན་གྲུབ་སོགས་འབྲེལ་ཡོད་གྲོགས་པོ་སྐོར་ཞིག་གིས་རོགས་རམ་འོགས་དེ་གར་ལྗོངས་རྒྱུ་དང་ཞིབ་འཇུག་བྱས་པ་ན་མ་འོངས་པར་བདེ་ཆེན་བོད་མིའི་མདུན་ལམ་ལ་ངེས་པར་དུ་བསྒྲུབ་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་དོན་ཚན་སྐོར་ཞིག་མི་གླེང་ག་མེད་བྱུང་། 

སྤྱིར་བཤད་ན། སྨྲ་ཤེས་ཤིང་དོན་གོ་བའི་འགྲོ་བ་ཞིག་ཡིན་པ་ནས་བཟུང་ང་མི་རིགས་འདི་ཡིན་ཞེས་རང་གར་བསྡད་པ་ཙམ་གྱིས་མི་རིགས་ཤིག་གི་ཁོངས་སུ་འདུ་དཀའ་ལ། མི་ཞིག་ཡིན་པ་ནས་བཟུང་མི་རིགས་ཤིག་གི་ཁོངས་སུ་མ་གཏོགས་ན། དེ་ལ་མིའི་རིན་ཐང་ཅི་ཙམ་ཞིག་ཡོད་པ་མིའི་རིགས་ཀྱི་ལོ་རྒྱུས་ལ་བལྟས་ན་གསལ་བོར་ཤེས་ཐུབ། 

བདེ་ཆེན་ཁུལ་གྱི་བོད་མི་སྤྱི་ངོས་ནས་བལྟས་ན། ཁོ་ཚོར་སྲོལ་རྒྱུན་བོད་ཀྱི་ཡུལ་སྲོལ་གོམས་གཤིས་སྐོར་ཞིག་ད་དུང་མ་ཉམས་པར་རང་སོར་གནས་ནས་ཡོད་ལ། སྡོད་ཁང་བཟོ་ཐབས་དང་གྱོན་ཆས་གྱོན་སྟངས། རྒྱན་ཆ་འདོགས་ཚུལ་སོགས་སྔ་སྲོལ་སྐྱོང་བཞིན་ཡོད། བསམ་པའི་འཁྱེར་སོ་ཡང་རྒན་པ་རྣམས་ལ་བོད་མི་ཞིག་གི་འདུ་ཤེས་ཡོད་པར་འདུག ཡིན་ན་ཡང་ཆ་རྐྱེན་དེ་ཙམ་གྱིས་ཆོག་པར་བས་ནས་བསྡད་ན་བོད་མི་མཚན་ཉིན་ལྡན་པ་ཞིག་རྩ་བ་ནས་འོང་ཐབས་མེད། སྤྱི་ཚོགས་ཀྱི་འགྱུར་བ་སོས་སྤྲིན་ལྟར་རྒོད་པའི་དུས་རབས་འདི་ནས་མི་རབས་རེ་གཉིས་ཙམ་འགོར་བ་ན་ཡུལ་འདིའི་ཕྱི་རབས་པ་རྣམས་ཅི་ལྟ་བུ་ཞིག་ཏུ་འགྱུར་འགྲོ་བ་ཁ་གསལ་མཐིལ་རྟོགས་རེད། 

མི་རིགས་ཤིག་དུས་རབས་རིམ་པའི་འགྲོས་དང་མཐུན་པར་སྤྱི་ཚོགས་སྟེང་དུ་རང་རྐྱ་ཐུབ་པར་གནས་དགོས་ན། མ་མཐའ་ཡང་མི་རིགས་དེའི་སྐད་དང་ཡི་གེ། ཡུལ་སྲོལ་གོམས་གཤིས་སོགས་གཞི་རྩའི་ཆ་རྐྱེན་གཙོ་བོར་འཛིན་དགོས་པ་འཛམ་གླིང་གི་མཁས་པ་ཚང་མས་མགྲིན་གཅིག་ཏུ་གླེང་གི་ཡོད། གནད་དོན་འདིའི་ཐད་ནས་བདེ་ཆེན་བོད་མིའི་ད་ལྟའི་གནས་བབས་ལ་གཞིགས་ན། ཁོ་ཚོར་གཙོ་བོ་སྐད་ཡིག་གི་ཕྱོགས་ནས་འདང་མི་འདུག དེ་ལ་གཙོ་བོ་བོད་ཡིག་སློབ་པའི་སློབ་གྲྭ་མེད་པ་དང་། ཕྱོགས་གཞན་ཞིག་ནས་བཤད་ན་ས་དེའི་དགོན་སྡེ་ཁག་ན་སློབ་གཉེར་གྱི་ཆ་རྐྱེན་མི་ལྡན་པ་སོགས་ཀྱིས་གནད་དོན་དེ་བྱུང་བ་རེད། 

མེས་རྒྱལ་གྱི་རྩ་ཁྲིམས་ལྟར་ན་ཡང་མི་རིགས་རང་སྐྱོང་ས་ཁུལ་དུ་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བས་ནས་རང་སྐྱོང་གི་འགན་ཁུར་དགོས་པ་དང་། ལྷག་པར་དུ་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་སྐྱོང་དགོས་པ་དེ་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་གཞི་རྩའི་མ་ལག་ཅིག་ཏུ་ངོས་འཛིན་གནང་ཡོད་པ་དཔེར་ན། ད་ལོར་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ན་གཞོན་དམངས་གླུའི་འགྲན་བསྡུར་ལ་སྔར་ཡོད་ཀྱི་ལེ་ཚན་རྣམས་རྨང་གཞི་བས་པའི་ཁར་དམིགས་བསལ་གྱིས་སྲོལ་རྒྱུནསྒྱུ་རྩལ་གྱི་ལེ་ཚན་ཞིག་ཆེད་དུ་ཁ་སྣོན་བྱས་པ་ལྟ་བུས་མཚོན། བོད་སྐད་བོད་ཡིག་ཤེས་པར་བོད་ཡིག་གི་སློབ་གྲྭ་བཙུགས་ནས་ས་གནས་ཀྱི་ན་གཞོན་རྣམས་སློབ་གྲྭར་བསྡུ་ལེན་བ་ཞིང་སྐྱེད་བསྲིང་བྱེད་དགོས་པ་དེ་རེད། འགན་དེ་ས་གནས་དེའི་སེར་སྐྱ་རྒན་གཞོན་ཀུན་ལ་ཡོད་མོད། ཁྱད་པར་དུ་འབྲེལ་ཡོད་མགོ་ཁྲིད་དག་ལ་རག་ལས་ཡོད། ཁོ་ཚོར་ཁ་ཞེ་གཉིས་མེད་ཀྱིས་མེས་རྒྱལ་ལ་དགའ་ཞེན་དང་མི་རིགས་ལ་དུངས་པ་ཡོད་ན་ཅི་ནས་ཀྱང་དེ་འདྲའི་གནད་དོན་ཀུན་ལ་བསམ་བློ་ནན་མོ་བཏང་ནས་ཐག་གཅོད་བྱ་དགོས་པ་ཟླ་ཕོག་བླངས་པའི་དོན་གོ་རེད། དུས་རབས་ཀྱི་འཕེལ་ཕྱོགས་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག ཆབ་སྲིད་ཀྱི་གླེང་ཕྱོགས། རིག་གནས་ཀྱི་ངོས་འཛིན། དཔལ་འབྱོར་གྱི་ཆ་རྐྱེན་སོགས་ས་དེ་གའི་མང་ཚོགས་ལ་གོ་རྟོགས་སེལ་བའི་གསལ་བཤད་བ་ཞིང་ས་གནས་མང་ཚོགས་ཀྱི་སྣེ་ཁྲིད་དེ། ཁོ་ཚོས་བ་བ་ཆེ་ཆུང་གང་བསྒྲུབས་ཀྱང་རང་མི་རིགས་ཀྱི་རིག་གཞུང་རྐང་ཚུགས་པ་ཞིག་བྱུང་ན་བདེ་བླག་ཏུ་བསྒྲུབ་ནུས་པ་ཡིན། དེ་ལྟར་མིན་པར་རང་མི་རིགས་ཀྱི་སྐད་ཡིག་གཞི་ནས་དོར་ཏེ་མི་རིགས་གཞན་ཀྱི་སྐད་ཡིག་རིག་གནས་སོགས་ཀྱིས་ཆོག་པར་འདོད་ན། འཇར་པན་རྒྱལ་ཁབ་བྱིངས་ནས་རང་གི་སྐད་ཡིག་རིག་གནས་དོར་ཏེ་བགྲང་བ་བཅུ་ཙམ་གྱི་དུས་ཡུན་ལ་དབྱིན་སྐད་དབྱིན་ཡིག་ལ་ཨ་གསར་བས་མཐར། ཡང་བསྐྱར་རང་གི་སྐད་ཡིག་རིག་གནས་སློབ་དགོས་བྱུང་བའི་ལོ་རྒྱུས་སོགས་ཀྱིས་བདེན་དཔང་བས་ནས་ཡོད། 

འདུལ་བ་ནི་ནམ་ཡང་འདུལ་བ་ཡིན་ལ། འདུལ་བའི་བཅས་ཁྲིམས་ཡོད་ཚད་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གཏན་ལ་ཕབས་པ་ཡིན་ཕྱིར། དེ་ལ་འདོད་དབང་གིས་བསྒྱུར་བཀོད་དང་ཕྲི་སྣོན་བྱེད་མི་ཆོག་ལ། བའང་མི་དགོས་ཏེ་དེས་མི་འདང་ས་དང་དེ་ལ་མི་ཚང་བ་གཅིག་ཀྱང་མེད། ལྷག་པར་དུ་འདུལ་བའི་བསླབ་ཁྲིམས་རྣམས་སྲུང་བ་ཡིན་པ་ལས་འདོར་བ་མིན། དེ་བཞིན་གསང་སྔགས་དང་རྫོགས་ཆེན་སོགས་ཀྱང་ཐེག་པ་མཐོན་པོར་སོང་བའི་གང་ཟག་གིས་ཉམས་སུ་ལེན་བ་ཡིན་པ་ལས། འདུལ་བའི་གདོང་འབག་གྱོན་ནས་འཇོལ་ཉོག་དང་འཆལ་སྤྱོད་ལ་གང་དགར་རོལ་བྱེད་ཀྱི་ལག་ཆ་ཞིག་རྩ་བ་ནས་མིན། དེས་ན་དགོན་སྡེ་ཁག་གི་བླ་སེར་རྣམས་ཀྱིས་ཀྱང་འདུལ་བའི་བསླབ་ཁྲིམས་རྒྱུད་ལ་བླངས་པ་ནས་བཟུང་། སེར་ཆས་ལུས་ལ་གྱོན་པ་ཙམ་དང་གཏོ་ཆོག་དང་ཁ་འདོན་ལ་བང་བ་ཙམ་གྱིས་ཆོག་ཤེས་བསྟེན་ནས་གྲོང་དང་གྲོང་ཁྱེར་མྱུལ་ཞིང་བཅས་ཁྲིམས་ཁ་རལ་སྣ་རལ་དུ་བཏང་ན། བསྟན་འཛིན་གྱི་སྐྱེས་བུ་མིན་པ་མ་ཟད་བསྟན་བཤིག་གི་དྭངས་མར་གྱུར་ནས་ཡོད། དེ་བས་དགོན་སྡེ་སོ་སོས་ཀྱང་རབ་བྱུང་ན་མདོ་སྔགས་ཕྱི་ནང་གསང་གསུམ་གྱི་གཞུང་ལུགས་སྦྱང་སའི་འཆད་གྲྭ་དང་རྩོད་གྲྭ་བཙུགས་ནས་སྤུས་དག་པའི་གྲྭ་བ་ཡོན་ཚད་ཅན་བསྐྱེད་བསྲིང་བ་རྒྱུ་དང་། མ་མཐའ་ཡང་སུམ་རྟགས་དག་གསུམ་སོགས་སྦྱང་སའི་སློབ་གྲྭ་བཙུགས་ནས་གསར་ཞུགས་ཀྱི་གྲྭ་བཙུན་རྣམས་ལ་གྲྭ་བ་དང་གྲོང་བར་མི་འདྲ་ས་དང་ཁྱད་པར་ཡོད་པ་ཤེས་སུ་འཇུག་དགོས། དེ་ལྟར་བས་ན་བསྟན་པ་དང་འགྲོ་བའི་དོན་ལ་ཕན་པའི་བ་བར་རང་བཞིན་གྱིས་འཇུག་འགྲོ་བ་ཡིན་ལ། རང་མི་རིགས་ཀྱི་དོན་ཡང་རང་ཤུགས་ཀྱིས་བསྒྲུབ་ཐུབ་པ་མ་ཡིན་ནམ། 

མི་སེར་དཀྱུས་མ་ཞིག་ལ་མཚོན་ན་ཡང་མ་མཐའི་ཆ་རྐྱེན་ཏེ། རང་རང་གི་ཕ་མེས་ཡང་མེས་ཀྱི་རིང་ལ་འཚོ་སྡོད་ཀྱི་གོ་རིམ་ཅི་འདྲ་བརྒྱུད་པ་དང་། ད་ལྟའི་ལུས་རྟེན་འདི་སུ་ཡིས་བསྩལ། མི་རིགས་སུ་ལ་གཏོགས། འཚོ་བ་རོལ་སའི་གཞི་འདི་སུ་ཞིག་གིས་རྗེས་བཞག་མཛད། ད་ལྟ་རང་ཉིད་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ཁ་ཕྱོགས་ཅི་འདྲ་ཞིག་ལ་གྱུར་འདུག དེ་འདྲ་བས་ན་འགྲིག་གམ་མི་འགྲིགམ་འོངས་པར་རང་གི་བརྒྱུད་འཛིན་བུ་ཕྲུག་དག་གི་ཕྱོགས་ལ་ཅི་ལྟར་སློབ་གསོ་གཏོང་དགོས་པ་སོགས་ལ་བསམ་བློ་ནན་མོ་བཏང་ནས། དུས་རབས་གསར་བར་མདུན་སྐྱོད་བྱེད་དགོས། འདི་དག་ནི་བདེ་ཆེན་ཁུལ་གྱི་མིག་སྔའི་གནས་ཚུལ་ལ་གཞིགས་ནས་བཤད་པ་ཡིན་པས། ཆེན་པོ་བོད་ཁམས་ཀྱི་གཟུར་གནས་མཁས་པ་དང་བསམ་བློ་བ། ལྷག་བསམ་ཅན་དག་གིས་རང་རང་གི་བསམ་བློ་དང་ལྟ་བ་མཐུན་མི་མཐུན་གླེང་ནས་དུས་ཚོད་ཆུད་ཟོས་དང་སྤྱི་ཚོགས་གཏན་འཇགས་ལ་གཏོར་བརླག་བ་བ་ལས། ནུས་པ་གང་ཡོད་ཀྱིས་གནས་ཚུལ་འདི་འདྲའི་རིགས་ལ་ཞབས་འདེགས་དང་རྒྱབ་སྐྱོར་བྱེད་རྒྱུ་འཕྱི་མེད་ན་སྔ་མི་འདུག

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060