གནས་ཡུལ། མདུན་ངོས། སྐད་ཡིག་གི་དཔྱད་རྩོམ།
 
 
༄༅།།ཤོག་དྲིལ་ཡིག་རྙིང་ལས་འཕྲོས་ཏེ་དབུ་ཅན་དང་དབུ་མེད་གཉིས་ཀྱི་བྲིས་གཟུགས་བྱུང་འཕེལ་གྱི་ཐོག་མའི་དཔྱད་པ།
སྤེལ་དུས།2009-12-23   ཡོང་ཁུངས་།《བོད་ལྗོངས་ཞིབ་འཇུག》   རྩོམ་པ་པོ། སྟོབས་ལྡན། འབྲུག་མོས་ཞུ་དག་བྱས།

ནང་དོན་གནས་བསྡུས།རྩོམ་ཡིག་འདིའི་ནང་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་གྱི་བོད་ཡིག་བྲིས་གཟུགས་ཀྱི་ཁྱད་ཆོས་ལ་བརྟེན་ནས། དེང་སང་འབྲི་བཞིན་པའི་དབུ་ཅན་དང་དབུ་མེད་ཀྱི་འབྲི་ལུགས་གཉིས་ལ་ལོ་རྒྱུས་དང་གནའ་ཤུལ་རྟོག་ཞིབ་རིག་པ། ཡི་གེའི་རིག་པ། དམངས་སྲོལ་རིག་པ་སོགས་ཀྱི་སྒོ་ནས་ཞིབ་བསྡུར་བྱས་པ་བརྒྱུད་དབུ་མེད་ཀྱི་འབྲི་ལུགས་དེ་དབུ་ཅན་གྱི་འབྲི་ལུགས་ལས་དར་སྔ་བ་དང་། ལྷག་པར་སྔ་མའི་དབུ་མེད་འབྲི་ཚུལ་གྱི་རྨང་གཞིའི་ཐོག་ནས་དབུ་ཅན་དེ་རིམ་གྱིས་བྱུང་བ་ཞིག་ཡིན་ཚུལ་བསྟན་ཡོད།
བརྡ་ཆད་གཙོ་བོ།ཡིག་རྙིང་། དབུ་མེད། དབུ་ཅན། བྲིས་གཟུགས་བྱུང་འཕེལ།
    
བོད་ཀྱི་ཡི་གེ་ལ་དབུ་ཅན་དང་དབུ་མེད་ཅེས་འབྲི་ལུགས་མི་འདྲ་བ་གཉིས་བྱུང་བ་འདི་རྒྱུ་མཚན་ཅི་ཞིག་གི་འོག་ཏུ་བྱུང་མིན་སྐོར་ལ་བཤད་ཚུལ་སྣ་ཚོགས་ཡོད་ལ། དེ་སྔ་འདིའི་སྐོར་ལ་དཔྱད་རྩོམ་མི་ཉུང་བ་ཞིག་བྲིས་ཡོད་མོད། ཡིན་ནའང་དེ་དག་ཕལ་ཆེར་དོན་བསྐྱར་བའམ་ཡང་ན་སྔོན་གྱི་བཞེད་ཚུལ་ཤུགས་ཆེ་བ་གཅིག་གཞིར་བཟུང་ནས་དེའི་སྒྲུབ་བྱེད་ཙམ་གྱི་ཚུལ་དུ་བྲིས་པ་མ་གཏོགས། རང་གི་རྩལ་ཁོ་ན་ལ་བརྟེན་ནས་སྔ་མའི་བཞེད་ཚུལ་དང་མི་མཐུན་པའི་འདོད་ཚུལ་གསར་པ་ཞིག་བཏོན་པ་ཧ་ཅང་དཀོན་པའི་གནས་སུ་གྱུར། དེས་ན་བོད་ཀྱི་ཡི་གེ་འདི་ཉིད་རྒྱུ་གང་ཞིག་ལས་ཚུལ་ཇི་ལྟར་བྱས་ནས་བྱུང་བ་སོགས་ཀྱི་སྐོར་ལ་སྔོན་གྱི་ཡིག་ཚང་ཁག་ནང་བཞེད་ཚུལ་སྣ་ཚོགས་ཞིག་ཡོད་པས་འདིའི་ཐད་དེ་བས་ཁ་ཚོན་གཅོད་དཀའ་བའི་གནས་སུ་གྱུར་ནའང་། ཤོག་དྲིལ་ཡི་གེའི་བྲིས་གཟུགས་དང་དེང་སང་གི་དབུ་ཅན་དང་དབུ་མེད་འབྲི་ལུགས་སོགས་ཀྱི་ཁྱད་ཆོས་རྣམས་ཅུང་བསྡུར་ཙམ་བྱས་ཕྱིན་མི་སུ་ཞིག་གིས་བལྟས་ཀྱང་ཡ་མཚན་གྱི་སྣང་བ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེ་ངེས་པས། བོད་ཡིག་གི་བྲིས་གཟུགས་འདི་ནི་ཧ་ཅང་ཞིབ་ཏུ་དཔྱད་པར་བྱ་བའི་གནད་ཅིག་ཏུ་བསམས་སོ།།

                                             དང་པོ། ཤོག་དྲིལ་ཡི་གེའི་བྲིས་གཟུགས་ཀྱི་ཁྱད་ཆོས་སྐོར།
    
ལོ་རྒྱུས་དེབ་ཐེར་མང་པོར། དུས་རབས་བདུན་པ་ནས་བཟུང་བོད་ལ་ཡིག་མཁན་གྲགས་ཆེ་བ་མང་དུ་བྱུང་བས་བྲིས་གཟུགས་ལ་བཙན་པོ་སྲོང་བཙན་དུས་སུ་སྤལ་ནག་ན་ལ་བགྲད་འདྲ་ཞེས་དང་། བཙན་པོ་མང་སྲོང་གི་དུས་སུ་སོ་ཕག་བཤིབ་འདྲ།བཙན་པོ་འདུས་སྲོང་གི་དུས་བྱ་ཕོ་འཇོལ་བ་འདྲ་བ།བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་དུས་ནས་སྔོན་ཕྱིང་དཀར་སྟེང་དུ་བཀྲམ་འདྲ།བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་མུ་ཏིག་བསྟར་ལ་བརྒྱུས་འདྲ།བཙན་པོ་མུ་ནེའི་དུས་སུ་སྦུར་ནག་བགྲད་འདྲ།བཙན་པོ་མུ་ཏིག་གི་དུས་ཉ་མོ་ཆུ་ནས་འཕྱུར་འདྲ།བཙན་པོ་ཁྲི་རལ་གྱི་དུས་སེང་གེ་གནམ་འཕྱོངས་བྱ་བ་སོགས་འབྲི་ལུགས་གྲགས་ཅན་བརྒྱད་དང་། གཞན་ཡང་མཁའ་འགྲོའི་བརྡ་ཡིག་དང་། གཏེར་ཡིག འཕྲུལ་ཡིག་སོགས་བོད་བཙན་པོའི་སྐུ་རིང་ལ་ཡིག་གཟུགས་མི་གཅིག་པ་ཧ་ཅང་མང་པོ་བྱུང་བར་བཤད་ནའང་། བཙན་པོའི་རྒྱལ་རབས་ཉམས་རྒུད་དུ་གྱུར་བ་དང་བསྟུན་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཤོག་དྲིལ་གྱི་ཡིག་གཟུགས་འདི་ལྟ་བུ་རེ་གཉིས་ཙམ་མ་གཏོགས་བྲིས་གཟུགས་ཕལ་ཆེར་ཤུལ་མེད་དུ་གྱུར་བ་འདྲ། ཏུན་ཧོང་ནས་ཐོན་པའི་བོད་ཡིག་གཏེར་མ་འདི་ཉིད་དུས་རབས་བརྒྱད་པའི་དུས་མཇུག་ནས་དུས་རབས་བཅུ་གཅིག་པའི་སྟོད་ཙམ་བརྒྱད་པའི་དུས་མཇུག་ནས་དུས་རབས་བཅུ་གཅིག་པའི་སྟོད་ཙམ་སྟེ་ལོ་ངོ་སུམ་བརྒྱ་ལ་ཉེ་བའི་ནང་ཤ་ཅུའི་ས་ཁུལ་དུ་དར་བའི་འབྲི་རྒྱུན་ཞིག་ཡིན་ཕྱིན། འདི་ལས་བོད་བཙན་པོའི་དུས་དང་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་སོང་བའི་རྗེས་ཀྱི་བྲིས་གཟུགས་ཀྱང་ཡོད་པ་མངོན། ཤོག་དྲིལ་ཡིག་གཟུགས་ནི་བོད་བཙན་པོའི་དུས་ཡུལ་དབུས་སུ་བཞེངས་པའི་བསམ་ཡས་གཙུག་ལག་ཁང་མདུན་གྱི་རྡོ་རིང་དང་དབོན་ཞང་རྡོ་རིང་སོགས་ཀྱི་བྲིས་གཟུགས་དང་ཁྱད་པར་ཅུང་ཟད་ཡོད་ཀྱང་། ལི་ཡུལ་ནས་ཐོན་པའི་ཁྲམ་ཤིང་ཡི་གེ་དང་བྲིས་གཟུགས་གཅིག་འདྲ་འདུག་པས། དེ་ལྟར་ན་བོད་ཀྱིས་ལི་ཡུལ་བཟུང་ལོ་དེ་ཡང་སྤྱི་ལོ་༦༣༤ནས་ཡིན་པལ་དཔྱད་ན་བྲིས་གཟུགས་འདི་རིགས་བཙན་པོ་སྲོང་བཙན་གྱི་དུས་སུའང་དར་ཡོད་པ་འདྲ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དཔེ་རྙིང་ཐམས་ཅད་ལ་འ་ཡིག་ལ་ཡང་འ་རྟགས་འདི་བཞིན་དབུས་གཙང་ན་ཨེ་པ་རྣམས་ད་དུང་ཡང་དེ་ལྟར་འབྲི་བཞིན་པ་དང་། དེ་བཞིན་ཞ་ཡིག་ལ་ཡང་ཞ་འདི་བཞིན་སྣང་ཞེས་པའི་ཡིག་རྙིང་གི་བྲིས་གཟུགས་སུ་ཙ་ནས་འའི་བར་གྱི་གསལ་བྱེད་ཡི་གེ་བདུན་པོ་ལ་ཙ་རྟགས་ཡོད་པར་གསུངས་པ་ལྟར་ཤོག་དྲིལ་ཡི་གེའི་ཁྲོད་ཀྱི་བཙན་པོ་རིམ་བྱུང་གི་ལོ་རྒྱུས་P.T༡༢༨༧སུའང་འ་ལ་ཙ་རྟགས་རིང་པོ་བྲིས་ཡོད་པ་དང་། ཝ་ཡིག་ཀྱང་འ་ལ་བ་བཏགས་པ་ལྟར་འྭའདི་བཞིན་བྲིས་པས་དེང་སང་གི་འབྲི་ཚུལ་བཞིན་ཡེ་ནས་མ་ཡིན། གུག་གུ་སོགས་དབྱངས་ཡིག་ཆེས་རིང་པོ་རེ་བྲིས་ཏེ་གསལ་བྱེད་ཀྱི་ཡི་གེ་གཉིས་གསུམ་གྱི་ཚད་དུ་ལོངས་པར་བྱས་པ་དང་། གུག་གུ་ཕྱིར་ལོག་མ་ལོག་གཉིས་རེས་མོས་ཀྱིས་བཀོལ་ཞིང་། ལན་རེར་གནམ་དགུང་གྀ་སྟེང་ན།། ལྷ་ཀུ་སྤྱ་སེར་བཞྀས་བརྒྱ་བའ། མ་སངས་ཐམས་ཅད་གྀ་བདག་པོ། སྲྀད་པ་ཀུན་ལ་མངའ་མཛད་པའ། ཕྱྭའྀ་ཡང་ཕྱྭ་ལགས་ཤེས་ཀྱང་མཆྀ། རྣམ་གཉྀས་སུ་ནྀ་གདོལ་པར་ཤ་ཟ་འྀ་རྀགས། རྒྱལ་པོ་གདོང་དམར་གྱྀ་རྀགས། གངས་རྀ་བྱུན་ཀོར་གྱྀ་ནྀ་བདག་པོ། གནོད་སྦྱྀན་ཛ་ཞེས་བགྱྀ་བའྀ་རྀགས་ལགས་ཤེས་ཀྱང་མཆྀ།ལྟ་བུ་གུག་གུ་ཕྱིར་ལོག་ཅན་འབའ་ཞིག་བྲིས་པའང་ཡོད། འགྲེང་བུ་དང་རྣ་རུ་ཅན་རྣམས། ཆི་ཙི་སི་དང་ཁོ་གོ་བོ་ཇོ་ཡོ་རོ་ལྟ་བུ་གུག་གུ་ཕྱིར་ལོག་ཅན་གྱི་འབྲི་ལུགས་ལྟར་གཡས་ནས་གཡོན་དུ་འབྲི་བའམ། གཞུག་ནས་སྔོན་དུ་སྲིང་པ་ལྟ་བུ་ཞིག་འོང་བས་དེང་སང་གི་འབྲི་ཚུལ་དང་ཁྱད་པར་ཆེ། ར་ལ་སའི་མགོ་ཅན་གྱི་ཡི་གེ་རྣམས་བརྩེགས་ཏེ་ཐད་སོར་དྲང་ཤད་ཀྱིས་བྲིས་པ་མ་ཡིན་པར་ར་ལ་ས་གང་རུང་གི་ཡི་གེ་དེ་ཉིད་དང་། མིང་གཞིའི་ཡི་གེ་རྣམས་ཅུང་སྔ་ཕྱིར་རིམ་པར་སྲིད་དུ་བྲིས་པ་ལྟར་བྱས་པ་དང་། འདོགས་ཅན་ལས་ཡ་ཡིག་བྲིས་པ་མགྱོགས་བྲིས་ཀྱི་དབུ་མེད་འབྲི་ལུགས་ཇི་བཞིན་དུ་འབྱུང་བ་དང་། ར་ཡིག་བྲིས་པའང་དབུ་ཅན་འབྲི་ལུགས་དང་མི་མཚུངས་པར་དབུ་མེད་ལུགས་ཀྱི་ར་བཏགས་ཅན་གྱི་ཡི་གེ་ལ་དབྱངས་ཡིག་གཉིས་པ་ཞབས་ཀྱུ་འབྲི་ཚེ། མིང་གཞིའི་ཡི་གེ་གང་རུང་དེའི་ཕྱི་རྐང་གི་སྣེ་ནས་ར་ཡིག་དེ་སྔོན་དུ་འཕྲལ་གྱིས་བསྲིངས་བ་ཀྲ་ཁྲ་གྲ་པྲ་བྲ་ཟྲ་སྲ་ལྟ་བུ་ཞིག་འོང་། གཞན་ཆེས་ངོ་མཚར་བ་ཞིག་ལ་ར་ཡིག་མགོ་ཅན་རྣམས་དབུ་ཅན་དུ་འབྲི་ཚེ་ཉ་ཡིག་ལ་མ་གཏོགས་ར་ཡིག་གི་རང་གཟུགས་ཧྲིལ་པོ་ཐོན་པ་མེད་ཀྱང་། ཤོག་དྲིལ་ཡི་གེའི་ནང་དུ་ར་ཡིག་དེ་གསལ་བྱེད་ཡི་གེ་གང་དུ་འཕྲད་ནའང་རའི་རང་གཟུགས་དངོས་དེ་ཆ་ཤས་ཕྲ་མོ་ཙམ་ཡང་མ་ཉམས་པར་བྲིས་པ་རྒྱ་རྗ་རྨ་རྩ་རྫལྟ་བུ་མང་། དེ་བཞིན་གསལ་བྱེད་ཀྱི་ཡི་གེ་ང་ཇ་ཏ་བ་ཡ་སོགས་སྐབས་རེར་དབུ་ཅན་དང་ལན་རེར་དབུ་མེད་ཀྱི་བྲིས་གཟུགས་དང་ཉེ། སྔ་མའི་མིང་གཞིའི་ཡི་གེ་དང་འབྲེལ་བའི་ཕྱི་མའི་ཕྲད་འིཡིག་གཉིས་བར་ཚེག་གིས་ཆོད་པ་དང་། ཡང་ན་ཚེག་ལ་ཚེག་ཐིག་གཅིག་དང་ཚེག་ཐིག་གོང་འོག་གཉིས་ཅན། ད་དུང་ལེགས་སྦྱར་ཡི་གེའི་ཁྲོད་ཀྱི་ཚེག་དྲག་ཅན་ལྟར་བྱས་པའང་ཡོད། གཞན་ཡི་གེ་སྔ་ཕྱི་གཉིས་ལས་ཕྱི་མ་དེ་སྔ་མའི་ཁོངས་སུ་འདོགས་ཅན་གྱི་ཡི་གེ་ལྟར་བསྡུས་པ་སོགས་དེང་སང་གི་འབྲི་ཚུལ་དང་ཆ་མི་མཐུན་པ་མང་དུ་བྲིས་པ་ལ་གཞིགས་ན་བོད་ཡིག་འབྲི་ཚུལ་དེ་ཡུལ་དུས་མི་འདྲ་བའི་ནང་ལེགས་བཅོས་གང་མང་བྱས་ཡོད་པར་མངོན།

གཉིས་པ། སྔོན་གྱི་ཡིག་ཚང་ལས་བསྟན་པའི་དབུ་ཅན་དང་དབུ་མེད་གཉིས་ཀྱི་བྲིས་གཟུགས་སྐོར།

བོད་ཀྱི་ཡི་གེ་སྤྱི་དང་བྱེ་བྲག་ཏུ་དབུ་ཅན་དང་དབུ་མེད་གཉིས་ཀྱི་བྲིས་གཟུགས་གང་ལས་མཆེད་པའི་ཁུངས་ལ་བོད་སྔ་རབས་པའི་མཁས་པ་སོ་སོར་འདོད་ཚུལ་མི་གཅིག་པ་སྣ་ཚོགས་སྣང་སྟེ། བུ་སྟོན་ཆོས་འབྱུང་དུ་གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས། ལྷ་སའི་སྐུ་མཁར་མ་རུར་བཅོས་ནས། ཡི་གེ་དང་སྒྲའི་བསྟན་བཅོས་བརྒྱད་མཛད་ཅེས་དང་། དེབ་ཐེར་དམར་པོ་ལས། ཐོན་མིས་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ནས་བོད་ཀྱི་ཡི་གེ་བརྩམསཞེས་འབྱུང་བ་དང་། དེབ་སྔོན་དུ། རྒྱ་གར་གྱི་ཕྱི་མོ་ལྔ་བཅུ་ལས་བོད་དུ་ཕྱི་མོ་སུམ་ཅུ་བྱས་ཞེས་དང་། ཡང་རྒྱལ་རབས་གསལ་བའི་མེ་ལོང་དང་། ལཱཉྪ་ལྷའི་ཡི་གེ་འདྲ། དེ་ལ་དཔེ་བྱས་ནས་ཡི་གེ་དབུ་ཅན་དུ་བྱས། ཝ་རྟུལ་ཀླུའི་ཡི་གེ་འདྲ། དེ་ལ་དཔེ་བྱས་ནས་ཡི་གེ་ཟུར་ཅན་དུ་བྱས་ཞེས་དང་། མཁས་པའི་དགའ་སྟོན་ལས། ནཱ་ག་ར་དང་ཁ་ཆེའི་ཡི་གེ་ལ། དཔེ་བླངས་སྐུ་མཁར་མ་རུར་ཡིག་གཟུགས་བརྩམས། ལྷ་ཡིག་ལཉྪ་དཔེ་བྱས་དབུ་ཅན་དང་། ཀླུ་ཡིག་ཝརྟུ་ལྟར་ཟུར་ཅན་བྱས་ཞེས་དང་། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། ལཉྫ་ལ་དཔེ་བྱས་ནས་དབུ་ཆེན། ཝརྟུ་ལ་དཔེ་བྱས་ནས་ཤར་མ་སོགས་ཡི་གེའི་གཟུགསཞེས་འབྱུང་བ་དང་། ཐུའུ་བཀྭན་གྲུབ་མཐའ་ལས། ན་ག་རའི་ཡི་གེ་ལ་དཔེ་བྱས་ནས་མགོ་ཅན་གྱི་གཟབ་དང་། ཝརྟུ་ལའི་ཡི་གེ་ལ་དཔེ་བྱས་ནས་མགོ་མེད་ཀྱི་གཤར་གཉིས་བཟོས་ཞེས་དང་། དེབ་ཐེར་དཀར་པོ་ལས། བོད་ཡིག་གང་ལ་དཔེར་བཅད་པའི་ཕྱི་མོ་དེ་ཡང་གུཔྟའི་ཡི་གེ་འདི་ཡིན་ནམ་སྙམ་ཞེས་དང་། ལེགས་བཤད་གཏེར་མཛོད་ལས། དང་པོ་དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། དེ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲི་མར་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་ཞེས་དང་། ཞང་བོད་གནའ་རབས་ལོ་རྒྱུས་ནང་། བོད་ཡིག་དབུ་མེད་ཀྱི་ཚུགས་དེ་ལྷ་བབ་ཀྱི་ཡི་གེ་ནས་བྱུང་ཡོད་པ་གསལ་བོར་མཐོང་ཐུབ་ཅེས་པ་སོགས་མང་དུ་འབྱུང་བ་ལས་བཞེད་ཚུལ་ཤུགས་ཆེ་བ་ལ་དབུ་ཅན་དང་དབུ་མེད་གཉིས་དུས་མཉམ་དུ་བྱུང་བར་འདོད་པའི་ལུགས་ཤིག་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། དབུ་མེད་ནི་དང་པོ་ནས་ཆེད་དུ་བཟོས་པ་མིན་པར་དབུ་ཅན་མགྱོགས་པར་བྲིས་པ་ལས་རང་བཞིན་གྱིས་བྱུང་བར་ཡིག་རྙིང་གི་དཔེ་དང་ད་དུང་ཡང་ལྷོ་ཡིག་ཏུ་གྲགས་པ་འབྲུག་ཡུལ་ན་འབྲི་བཞིན་པ་དག་མཐོང་ན་དངོས་སུ་གསལ་ཞེས་གསུངས་ཏེ་དབུ་ཅན་ལས་དབུ་མེད་ཀྱི་འབྲི་ཚུལ་བྱུང་བར་འདོད་པ་སོགས་བཞེད་ཚུལ་མི་འདྲ་བ་གཉིས་ཡོད་པ་མ་ཟད། བཙན་པོ་སྲོང་བཙན་གྱི་སྔོན་དུ་ཡི་གེ་མེད་པར་སྨྲ་བ་དང་། ཡི་གེ་ཡོད་པར་སྨྲ་བ་གཉིས་བྱུང་སྟེ་གང་ཡིན་འདི་མིན་གྱི་ཁ་ཚོན་གཅོད་དཀའ་བའི་གནས་སུ་གྱུར་བ་དང་། ལྷག་པར་དུ་ཤོག་དྲིལ་ཡི་གེ་རང་ལས་བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་། བཙན་པོ་འདི་འྀ་ཚེ་བྱུངཞེས་འབྱུང་བས་འདི་འདྲའི་གནས་ཆེ་བ་ལ་ཕྲན་ལྟ་བུའི་འོལ་ཚོད་ཀྱི་ཡུལ་མ་ཡིན་ཀྱང་། གདང་ལའི་རི་རྒྱུད་ལྷོ་ངོས་ནས་ཧི་མ་ལ་ཡའི་རི་རྒྱུད་བྱང་ངོས་ཀྱི་བོད་དབུས་དཀྱིལ་དང་། ནུབ་རྒྱུད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཁུལ་དུ་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་ཤུལ་མིཉུང་བ་ཞིག་རྙེད་པས། མི་ལོ་ཁྲི་ཕྲག་སུམ་བརྒྱ་ནས་ཉིས་བརྒྱའི་ཡར་སྔོན་དུ་མཚོ་བོད་མཐོ་སྒང་དུ་བོད་ཀྱི་མེས་པོ་རྣམས་འཚོ་སྡོད་བྱས་མྱོང་བ་དང་། བ་མདོ་ས་ཁུལ་གྱི་མཁར་རོའི་གནའ་ཤུལ་ནས་ཐོན་པའི་གྲུ་ཟུར་བཞི་ནར་མོའི་དབྱིབས་ཅན་གྱི་རུས་པ་ལེབ་མོ་དེ་རིགས་དང་ཏ་ཟིག་གི་བྱང་ཕྱོགས་ཁུར་མན་﹙克尔曼﹚བྱེ་ཁུལ་གྱི་ཀན་ཅཱ་ཏ་ཝའེ﹙甘吉,达维﹚རྡོ་ཆས་གསར་མའི་དུས་ཀྱི་གནའ་ཤུལ་སྤྱི་ལོའི་སྔོན་གྱི་༨༠༠༠ལོ་ནས་ཐོན་པའི་རུས་པ་ལེབ་མོ་གཉིས་གཅིག་མཚུངས་ཡིན་པས་ཡ་གླིང་བྱང་མའི་རིག་གནས་ཆེས་སྔ་མོའི་དུས་བོད་དང་འབྲེལ་བ་ངེས་ཅན་ཡོད་པ་ཤུགས་ནས་རྟོགས་ཐུབ་པ་དང་། དེ་བཞིནམཁར་རོའི་རིག་གནས་དང་མེས་རྒྱལ་ནང་སའི་རྨ་ཆུའི་སྟོད་རྒྱུད་དང་། ནང་སའི་ལྷོ་ཕྱོགས་ཁུལ། ལྷོ་ནུབ་ཁུལ། རྫ་ཆུའི་སྨད་རྒྱུད་བཅས་ཀྱི་གདོད་མའི་རིག་གནས་དབར་འབྲེལ་འདྲིས་བྱུང་མྱོང་ཡོད་པ་དང་། རྨ་ཆུའི་རྒྱུག་ཡུལ་གྱི་གདོད་མའི་རིག་གནས་ཀྱི་བག་ཆགས་རྣམས་ཕལ་ཆེར་བོད་ལྗོངས་ཀྱི་མཁར་རོ་བརྒྱུད་དེ་ཡ་གླིང་དཀྱིལ་མར་ཁྱབ་ཡོད་པ་ཤས་ཆེ་བ་དང་། གཞན་ད་དུང་མཁར་རོའི་སྔོན་གྱི་བོད་གནའ་རབས་ཀྱི་རིག་གནས་དང་ཡ་གླིང་ལྷོ་དཀྱིལ་གཉིས་ཙམ་མ་ཟད། ཨོའུ་གླིང་དང་། ཧྥེ་གླིང་བྱང་མའི་རིག་གནས་བར་ལ་ཡང་འབྲེལ་བ་བྱུང་ཡོད་པའི་ཉམས་སྣང་བཞེད་ཀྱི་ཡོད་ཅེས་པ་སོགས་ལ་དཔྱད་ན་ཆེས་གདོད་མའི་བོད་ཀྱི་མི་རྒྱུད་ཐོག་མར་མཆེད་པ་ནས་བོད་བཙན་པོའི་རྒྱལ་རབས་མ་ཚུགས་པའི་བར་གྱི་ལོ་ངོ་ཁྲི་ཕྲག་དུ་མའི་གོང་རོལ་དུ། བོད་མི་རྣམས་ཀྱིས་ས་ཁུལ་དང་མི་རིགས་མི་འདྲ་བའི་བར་ཕན་ཚུན་འགྲོ་འོང་དང་རིག་གནས་བརྗེ་སྤེལ་བྱས་མྱོང་བ་མངོན་གསལ་ཡིན་ལ། ལྷག་པར་བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་པོ་བཙན་པོ་གྲི་གུམ་གྱི་དུས་སུ་རུ་ལས་སྐྱེས་ཀྱིས་ཐོག་མར་ཤིང་ལ་བུག་པ་ཕུག་ནས་གཤོལ་དང་གཉའ་ཤིང་བཅོས།། མཐུན་གཉིས་གཉའ་རུ་བསྡེབས་པས་ཐང་རྣམས་ཞིང་དུ་བཅོས།། མཐུན་གཉིས་གཉའ་རུས་བསྡེབས་པས་ཐང་རྣམས་ཞིང་དུ་རྨོས།། རྒྱ་མཚོ་ཡུར་ལ་དྲངས་ནས་ཞིང་ལ་ས་བོན་བཏབ། ཅེས་པ་སོགས་མང་དུ་བཤད་ཡོད་ཀྱང་། ལོ་ངོ་བཞི་སྟོང་ལྷག་འདས་པའི་མཁར་རོའི་གནའ་ཤུལ་ལས་བདེན་དཔང་བྱས་པ་ལྟར་ན། སྐབས་དེར་མི་རྣམས་ཀྱིས་འབྲུ་ལ་ཁྲེ་རྒོད་སོགས་འདེབས་ཤིང་ཁང་བརྩེགས་ཐོག་སོ་ཅན་ཕུབ་ཤེས་པ་མ་ཟད། ཐོག་ཁང་གི་སྟེང་དུ་མི་རང་ཉིད་སྡོད་པ་དང་། འོག་ཏུ་སྒོ་ཕྱུགས་གསོ་བསོགས་བྱས་ཏེ། རི་དྭགས་ཁོ་ན་རྔོན་པའི་ཐེབས་ཆག་གི་འཚོ་བ་བོར་ནས་ཞིང་ཕྱུགས་གཉིས་མཉམ་དུ་གཉེར་ཏེ་གཏན་ཆགས་ཀྱིས་འཚོ་སྡོད་བྱེད་པའི་དུས་རིམ་ལ་བར་བརྒལ་བྱས་པ་ར་སྤྲོད་བྱས། དེ་ལྟར་ན་བོད་དུ་ཞིང་ཕྱུགས་གཉིས་མཉམ་དུ་གཉེར་བའི་ལོ་རྒྱུས་དེ་ལོ་ངོ་བཞི་སྟོང་གི་ཡར་སྔོན་དུ་འགོ་ཚུགས་ཡོད་ལ་དེ་འདྲའི་དུས་སྐབས་ནས་བཙན་པོ་གྲི་གུམ་གྱི་བར་ཏེ། ལོ་ངོ་ཉིས་སྟོང་ཙམ་གྱི་རིང་ལ་བོད་ཡང་མེས་ཀྱི་འཚོ་སྡོད་གནས་གསུམ་ལ་འགྱུར་ལྡོག་དང་འཕེལ་རྒྱས་ཅི་ཡང་མ་བྱུང་བར་སྔ་མ་ཁོ་ན་བཞིན་དུ་ལུས་པའམ། ཡང་ན་ཆེས་སྔ་མོའི་དུས་ཀྱི་རིག་གནས་གང་མང་ཉམས་དམས་སུ་སོང་བ་དེ་བཙན་པོ་གྲི་གུམ་གྱི་དུས་སླར་གསོ་བྱུང་བ་སོགས་སུ་འགྲེལ་ན། ལུགས་དང་རྒྱུ་མཚན་གང་ལའང་དེ་འདྲ་ཞིག་འབྱུང་མི་སྲིད་པར་མངོན། གང་ལྟར་བཙན་པོ་སྲོང་བཙན་གྱི་ཡར་སྔོན་ནས་བོད་དུ་ཞང་ཞུང་བོན་གྱི་རིག་གནས་དར་བ་རྩོད་མེད་ཡིན་ཞིང་དེའང་དུས་ནམ་ཞིག་གི་ཚེ་བོད་དུ་ཐོག་མར་དར་བ་ལ་རྒྱལ་རབས་གསལ་བའི་མེ་ལོང་ལས། རྒྱལ་བློན་འདི་གཉིས་ཀྱི་དུས་སུ། བཙན་པོ་སྤུ་དེ་གུང་རྒྱལ་དང་བློན་པོ་རུ་ལས་སྐྱེས་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབས་མི་བོ་བྱ་བ་སྟག་གཟིག་འོལ་མོའི་ལུང་རིངས་སུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད། ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད་ཅེས་དང་། ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་པའི་གོང་དེར་བྱོན་མྱོང་བའི་གཤེན་རབ་མི་བོ་ཆེ་དེས་བསྟན་པའི་གཡང་དྲུང་བོན་གྱི་བསྟན་པ་བྱུང་ཡོད་པ་དེ་ནས་བཟུང་། ཡ་ཐོག་ཞང་ཞུང་གི་ཐོག་མའི་ལོ་རྒྱུས་ཀྱི་དབུ་བརྙེས་པ་དེ་ཡིན་ལ། ཞང་ཞུང་ནི་གངས་རིའི་ར་བས་བསྐོར་བའི་ལྗོངས་ཆེན་པོ་འདིའི་ཡང་རྩེའམ། གངས་ཆེན་པོ་ཏི་སེ་ནི་ཁོག་པའི་ནང་གི་སྙིང་ལྟར་དུ་ཆགས་ཡོད་སྟབས། ཞང་ཞུང་ཐོག་མའི་ལོ་རྒྱུས་ཇི་སྙེད་ཅིག་ཡོད་པ་དེས་ནི་གངས་རིའི་ར་བས་བསྐོར་བའི་ལྗོངས་ཆེན་པོ་འདིའི་ལོ་རྒྱུས་ཕྱོགས་ཀུན་ནས་མཚོན་ཐུབ་པ་ནི་སྨྲོས་མ་དགོས་པ་ཞིག་རེད་ཅེས་འདོད་ཚུལ་མི་གཅིག་པ་གཉིས་འབྱུང་བ་ལས་སྔ་མས་བསྒྱུར་བྱ་བོན་གྱི་རིག་གནས་དེ་སྒྱུར་བྱེད་བོད་ཀྱི་རིག་གནས་ག་གེ་མོ་གང་རུང་ཞིག་གིས་བསྒྱུར་བ་སྟེ། བོད་དང་ཞང་ཞུང་གི་རིག་གནས་གཉིས་རིགས་ཐ་དད་པར་བྱས་པ་དང་། ཕྱི་མས་ཞང་ཞུང་དང་བོད་གཉིས་རིགས་རུས་རྒྱུད་གཅིག་ཏུ་བཞེད་པ་བཅས། སྔ་མས་རིག་གནས་ཀྱི་ཁྱད་ཆོས་གཞིར་བཟུང་བ་དང་། ཕྱི་མས་རིགས་རུས་ཀྱི་ཁྱད་ཆོས་གཙིགས་སུ་བཟུང་བར་འདྲ། དེ་བཞིན་ཤོག་དྲིལ་ལས༄།།རྒྱལ་འདྀ་འི་རིང་ལ། ཞང་ཞུང་གྀ་རྒྱལ་བོ་ལ་དྲང་སྟེ། ཆབ་སྲིད་མཛད་ནས། ཞང་ཞུང་གྀ་རྒྱལ་བོ་ལྀག་མྱི་རྷྱརྒྱསྲིད་བརླག་སྟེ། ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ་ཞེས་པ་ལས་སྐབས་དེར་བོད་དང་ཞང་ཞུང་གཉིས་ཀྱི་མངའ་ཁོངས་ཐ་དད་པའི་ཁྱད་ཆོས་གཞིར་བཟུང་བ་ལས། བོད་ཀྱི་ཡང་མེས་ཡིན་པ་ལ་ཞང་ཞུང་གི་ཡང་མེས་མ་ཡིན་པའི་རིགས་སོགས་གང་ཡང་བསྟན་མེད། དེ་ལྟར་ན་མཚོ་བོད་མཐོ་སྒང་དུ་འགྲོ་བ་མིའི་རིགས་ཐོག་མར་བྱུང་བ་ནས། བཙན་པོའི་རྒྱལ་རབས་ཀྱིས་བོད་ཁམས་གཅིག་གྱུར་མ་བྱས་པའི་གོང་རོལ་དུ། བོད་ཀྱི་མི་རྒྱུད་གཅིག་པ་རྣམས་ཕན་ཚུན་ས་ཁུལ་གྱིས་བཅད་ནས་རྒྱལ་ཕྲན་སོགས་སུ་གྱེས་པ་ལས། སྤུ་བོའི་ཡུལ་གྱི་རྗེ་ལ་སྤུ་རྒྱལ་ཞེས་པ་ལྟ་བུར་སོང་བ་འདྲ། རྒྱུ་མཚན་དང་རྒྱབ་ལྗོངས་དེ་ལྟ་བུའི་འོག་གི་སྤུ་བོའི་ཡུལ་དུ་ཡི་གེ་མེད་པ་ཙམ་གྱིས་བོད་ཡུལ་ན་ཡི་གེ་མེད་པར་ཁྱབ་མིན་གྱི་རིག་པ་ལ་ཞིབ་ཆ་དཔྱོད་རྒྱུ་དང་། ལྷག་པར་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབས་ཇི་འདྲ་ཞིག་ཡིན་པ་སོགས་ལ་བསམ་མནོ་ཞིབ་མོ་གཏོང་རྒྱུ་དེ་གནས་ཆེ་བར་སེམས།

གསུམ་པ། ཡི་གེ་རང་སྟེང་གི་ཁྱད་ཆོས་ལས་འཕྲོས་ཏེ་བྲིས་གཟུགས་བྱུང་འཕེལ་གྱི་སྐོར།

དབུ་ཅན་དང་དབུ་མེད་གཉིས་ཀྱི་ཐུན་མོང་མ་ཡིན་པའི་བྲིས་གཟུགས་ཀྱི་རྩ་བའི་ཁྱད་ཆོས་ཐད་ལ་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་ལས། བོད་ཡིག་དབུ་ཅན་གྱི་མགོ་བཀོད་དེ་འབྲི་བ་པོའི་གཡོན་ངོས་ནས་གཡས་ཕྱོགས་སུ་འཐེན་དགོས་པ་དང་། དབུ་མེད་ཀྱི་མགོ་བཀོད་དེ་ཕལ་ཆེར་གཡས་ཕྱོགས་ནས་གཡོན་ངོས་སུ་འཐེན་དགོས་པ་དེ་རེད། …..དེ་ནི…..སྐུ་གསུང་ཐུག་རྟེན་སོགས་ལ་གཡས་སྐོར་དང་གཡོན་སྐོར་རྒྱག་པའི་ལྟ་སྟངས་མི་འདྲ་བ་འགའ་རེ་བྱུང་ཡོད་པ་དེ་དག་དང་འབྲེལ་བ་ངེས་ཅན་རེ་ཡོད་པ་ཡིན་སྟབས། དབུ་ཅན་དང་དབུ་མེད་ཀྱི་རྩ་བའི་འབྲི་སྟངས་མི་འདྲ་བའང་དེ་ཐོག་ནས་ཤེས་ཐུབ་པ་ཡིན་ཞེས་པ་བཞིན་དབུ་ཅན་དང་དབུ་མེད་གཉིས་ཀྱི་བྲིས་གཟུགས་ལས་ནང་བསྟན་ཆོས་ལུགས་བོད་དུ་ནང་འདྲེན་མ་བྱས་གོང་གི་བོད་གདོད་མའི་རིག་གནས་དང་། ནང་བསྟན་ཆོས་ལུགས་བོད་དུ་དར་བའི་ཕྱིས་ཀྱི་རིག་གནས་ཏེ། རིག་གནས་ས་ཐ་དད་པ་གཉིས་ཀྱི་གྲུབ་ཆ་མངོན་གསལ་གྱིས་མཚོན་ཡོད་པ་ནི། དཔེར་ན་གཡུང་དྲུང་གི་རིས་གཡས་སྐོར་དུ་བྱས་པ་དང་། གཡོན་སྐོར་དུ་བྱས་པའི་རྣམ་པ་ཇི་བཞིན་དབུ་ཅན་ཡི་གེ་འབྲི་བ་ལ་མགོ་ཚེག་རྣམས་གཡོན་ནས་གཡས་སུ་འབྲི་བ་ཡིན་ཀྱང་། དབུ་མེད་ཀྱི་མགོ་ཚེག་འབྲི་བ་ལ་དེ་ལས་ལྡོག་སྟེ་གཡས་ནས་གཡོན་ནམ་ལྟག་རྒྱབ་ནས་མདུན་ཕྱོགས་སུ་འབྲི་དགོས་པ་དཔེར་ན། 

ཁ་ཁ་ཐ་ཐ་ན་ཡིག་ལྟ་བུ་སོགས་ལས་ཧ་ཅང་གསལ། ལྷག་པར་དབུ་མེད་ལ་གཡས་ནས་གཡོན་དུ་བོན་སྐོར་ལྟར་འབྲི་བ་དང་། དབུ་ཅན་ལ་གཡོན་ནས་གཡས་སུ་ཕྱོགས་པ་ལྟ་བུ་ཞིག་འབྱུང་བ་འདི་རིགས་ལ་བསམས་ན་ཆེས་ཐོག་མར་བོད་ལ་དབུ་མེད་ཀྱི་ཡི་གེ་འདི་ཉིད་དར་བ་མངོན་ཏེ། རྒྱ་གར་ཡུལ་དབུས་ཀྱི་ཨེ་རན་Eranབྱ་བའི་གྲོང་ཚོ་ཞིག་ནས་སྤྱི་ལོའི་སྔོན་གྱི་དུས་རབས་༤-༣པའི་ནང་གི་གནའ་བོའི་དོང་ཚེ་ཞིག་རྙེད་པའི་སྟེང་ཆེས་གདོད་མའི་བྲམ་ཟེའི་ཡི་གེ་རྣམས་གཡས་ནས་གཡོན་དུ་རིམ་གྱིས་བྲིས་ཡོད་པ་དང་། ཨ་ཤོ་ཀའི་མྱ་ངན་མེད་དུས་སུ་བཞེངས་པའི་རྡོ་རིང་སྟེང་བཀའ་གཙིགས་(敕令﹚ཀྱི་ཡི་གེ་རྣམས་ཐིག་ཕྲེང་རེས་མོས་ཀྱིས་གཡས་ནས་གཡོན་དང་། གཡོན་ནས་གཡས་སུ་བྲིས་པའི་འབྲི་ཕྱོགས་སྣེ་མི་གཅིག་རེ་རེ་བཞིན་འབྱུང་བ་ཞིང་རོལ་དང་འདྲ་”(26ཞེས་པས། སྤྱི་ལོའི་སྔོན་གྱི་ཚེ་བྲམ་ཟེའི་ཡི་གེ་གཡས་ནས་གཡོན་དུ་འབྲི་བ་དེ་དུས་ཡུན་རིང་པོའི་ནང་རིམ་གྱིས་གཡོན་ནས་གཡས་ཕྱོགས་སུ་འབྲི་བའི་ལུགས་ཤིག་བྱུང་བ་དང་། དེ་བཞིན་ཨ་ལ་མ་﹙阿拉玛人﹚བྱ་བའི་མི་རིགས་ཀྱིས་གསར་གཏོད་བྱས་པའི་ཡིག་རིགས་དེ་ལས་ཁ་ཆེའི་ཡི་གེ་﹙阿拉伯人﹚དང་། ཞུད་ལེ་ཡཱའི་ཡི་གེ་﹙叙利亚文﹚ཆའོ་ལུའི་ཡི་གེ་(去卢文﹚སོགས་མང་དུ་དར་བ་དེ་དག་ཀྱང་གཡས་ནས་གཡོན་དུ་འབྲི་བ་ཤ་སྟག་ཡིན་ཅིང་། གདོད་མའི་ཏ་ཟིག་ལ་ཡི་གེ་རིགས་མི་འདྲ་བ་གཉིས་ཡོད་པ་དེ་དག་ཀྱང་ཨ་ལ་མ་ཞེས་པའི་ཡི་གེ་འདི་ཉིད་ལས་མཆེད་པར་བཤད་པ་དང་། ད་དུང་ཨ་ལ་མའི་ཡི་གེ་ལས་བྱུང་བའི་ཞི་པོ་ལའི་ཡི་གེ་﹙希伯来文﹚སོགས་ཀྱང་གཡས་ནས་གཡོན་དུ་འབྲི་དགོས་པ་ལ་བསམས་ན་གདོད་མའི་ཏ་ཟིག་གི་ཡི་གེ་﹙波斯文﹚དེ་ཡང་ཕལ་ཆེར་གཡས་ནས་གཡོན་དུ་འབྲི་བ་ཞིག་ཡིན་ངེས་ཤིང་། དེ་ལྟར་ན་བོད་ཡིག་འདི་ལེགས་སྦྱར་དང་ཞང་ཞུང་ཡི་གེ་སོགས་སྒྲ་སྦྱོར་གྱི་ཡི་གེ་གང་ལས་བྱུང་ཡང་རུང་། དེ་དག་གི་གདོད་མའི་ཡི་གེའི་ཁྱད་ཆོས་གཡས་ནས་གཡོན་དུ་འབྲི་བའི་ལུགས་འབའ་ཞིག་ལས་མ་འདས། གཞན་ཏུན་ཧོང་ལྡེབས་རིས་སུ་བོད་ཀྱི་བཙན་པོའི་སྣང་བརྙན་བྲིས་པ་མཐའ་དག་དང་། ཡུལ་ཤུལ་ས་ཁུལ་དུ་བཞེངས་པའི་འབིས་ཁོག་རྣམ་སྣང་གཙུག་ལག་ཁང་གི་གཙོ་སྐུ་དང་བཅས་པའི་ན་བཟའ་དང་ཤམ་ཐབས་སོགས་ཀྱི་ལྡེབ་མ་ནི་གཡས་ནས་གཡོན་དུ་མནན་པ་དེང་གི་བོན་ལུགས་ཇི་བཞིན་དུ་ཡོད་པ་ལས། གཡོན་སྐོར་གྱི་ལུགས་འདི་རྒྱ་གར་དང་ཏ་ཟིག བོད་དང་བཅས་པའི་ཆེས་གདོད་མའི་དུས་ཀྱི་ཐུན་མོང་གི་རིག་གནས་ཀྱི་ཁྱད་ཆོས་ཤིག་ཡིན་འདུག གཞན་དབུ་མེད་ཀྱི་ཡི་གེ་ལ་ཕྱི་རྐང་ཅན་གྱི་ཡི་གེ་བྱ་བ་ཞིག་མ་གྲགས་པ་དེ། དབུ་ཅན་གྱི་ཡི་གེ་ལ་འབྲི་ཚུལ་མང་དུ་ཡོད་པ་  ་ལ་ཀ་དང་། ་ལ་ག ་ལ་ཉ། ལ་ནསོགས་བྱུང་བ་ནི། རིག་གནས་དང་ཆོས་ལུགས། སྤྱི་ཚོགས་ཀྱི་རྐྱེན་ངེས་ཅན་ཞིག་གི་འཕེལ་རིམ་གྱི་ཁྲོད་ནས་སྔ་མོའི་དུས་གཡོན་ནས་གཡས་སུ་འབྲི་བ་དེ། ཕྱིས་གཡས་ནས་གཡོན་དུ་འབྲི་བའི་ལམ་ལ་བར་བརྒལ་བྱས་པས་ཆེད་དུ་དེ་འདྲ་བཟོས་པར་མངོན། དེ་ལྟར་ན་བོད་ཀྱི་ཡི་གེའི་འབྲི་ལུགས་ཀྱི་ཐོག་མ་དེ་དབུ་མེད་ནས་དར་བར་བཤད་ན་གོང་ནས་དྲངས་པའི་སྣང་ཚུལ་དེ་དག་དང་མཐུན་ཞིང་། ཡི་གེའི་བྲིས་གཟུགས་བྱུང་འཕེལ་གྱི་ལོ་རྒྱུས་དང་ཡང་ཧ་ཅང་འབྲེལ་ཆགས་པ་མ་ཟད། ད་དུང་ར་མགོ་ཅན་གྱི་ཡི་གེ་རྣམས་དབུ་ཅན་དུ་འབྲི་ཚེ་རྙཡིག་ཁོ་ན་ཙམ་ལ་མ་གཏོགས་སྟེང་གི་ར་ཡིག་གི་བྲིས་གཟུགས་ཕྱེད་ཀ་ལས་མི་ཐོན་པ་  རྐ་རྒ་རྔ་རྟ་རྟ་རྣལྟ་བུ་ཡིན་ཀྱང་། དེ་དག་དབུ་མེད་དུ་འབྲི་ཚེ་རྐ་རྒ་རྔ་རྟ་རྡ་རྣལྟ་བུ་ར་ཡིག་གི་རང་གཟུགས་ཧྲིལ་པོ་ཐོན་པ་སོགས་དེ་དག་ལ་བསམ་ན། དང་ཐོག་ཡི་གེ་སོ་སོའི་གཟུགས་ཧྲིལ་པོ་འབྲི་བ་དེ་རིམ་བཞིན་ཡི་གེ་འགའ་ཞིག་གི་བྲིས་གཟུགས་ཟུར་ཉམས་པས་དེ་འདྲར་བྱུང་བ་ཡིན་ཅེས་ན་ཡི་གེ་བྱུང་འཕེལ་གྱི་ལུགས་དང་མཐུན་མོད། འོན་ཀྱང་གནའ་དུས་ཡི་གེ་ཕྱེད་ཀར་འབྲི་བ་དེ་རིམ་གྱིས་ཡི་གེ་དེ་དག་མགྱོགས་པོར་བྲིས་པས་ཡི་གེ་རྣམས་ཀྱི་རང་གཟུགས་ཧྲིལ་པོར་ཐོན་པ་ཡིན་ཤེས་འགྲེལ་ན། དེ་ནི་སུས་ཀྱང་བློ་ངོ་ལ་ཤོང་དཀའ་བའི་སྒྲུབ་བྱེད་ཅིག་ཏུ་སྣང་། གཞན་རྒྱ་གར་རིག་བྱེད་ཀྱི་ཆ་མང་པོ་ཞིག་ཆེས་ཐོག་མར་རྒྱ་གར་ནུབ་བྱང་ཕྱོགས་ནས་ཧིན་དྷུ་ཆུ་བོའི་འབབ་ཡུལ་དུ་གནས་པའི་ཨཱརྱཎ་བྱ་བའི་མིས་གནའ་རབས་ཀྱི་ཏ་ཟིག་བརྒྱུད་དེ་བྱུང་བའི་རིག་གནས་ཤིག་ཏུ་ངོས་འཛིན་བྱེད་ཅིང་། ཨཱརྱཎའི་རིགས་﹙雅利安﹚ནི་སྤྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་ཉིས་བརྒྱ་ཡས་མས་སུ་ནུབ་བྱང་གི་ཕྱོགས་ནས་ཤིན་ཏུའུ་ཁོའུ་ཧྲི་རི་བོ་﹙兴都库什山﹚བརྟོལ་ནས་ཧིན་དྷུ་ཆུ་བོའི་འབབ་ཡུལ་དུ་སླེབས་པ་དང་། རྒྱ་གར་ཨཱརྱཎ་འདིའི་སྔོན་གྱི་རིགས་ནི། ཡུལ་འདིར་མ་བརྟོལ་གོང་མི་རབས་དུ་མ་ཞིག་གི་བར་དུ་ཨོ་རྒྱན་དང་། ཏ་ཟིག་པ་རྣམས་དང་ལྷན་གཅིག་ཏུ་གནས། དེའི་ཕྱིར་ཏ་ཟིག་པ་རྣམས་ལ་རྒྱ་གར་བས་ཕ་སྤུན་དུ་འབོད་པ་དང་། མིང་གྲགས་ཆེ་བའི་རིག་བྱེད་བཞིའི་ཡ་གྱལ་ངེས་བརྗོད་ནི་ཨཱརྱཎ་མི་རིགས་ཀྱི་བསྟོད་ཚིག་ཕྱོགས་བསྡུས་ཤིག་ཡིན་ཞིང་། དེའི་ནང་བསྟོད་ཚིག་ཁག་གཅིག་ཁོ་ཚོ་རྒྱ་གར་ལ་མ་སླེབས་པའི་ཡར་སྔོན་དུ་རྩོམ་སྒྲིག་བྱས་པ་དང་། ཁག་གཅིག་ནི་རྒྱ་གར་ལ་སླེབས་རྗེས་སུ་རྩོམ་སྒྲིག་བྱས་པ་ཞིག་རེད།ངེས་བརྗོད་རིག་བྱེད་ཀྱི་མདོར་བསྡུས་དང་པོར་བཤད་པའི་ཆུ་བོ་གོམ་ཏི། ཀུབྷ། སུབསྟུ་སོགས་ཨབ་གན་སྠཱན་དང་། ཏ་ཟིག་གི་ཡུལ་གྱི་ཆུ་བོ་རྐྱང་གི་མིང་ཡིན་ཅིང་། གངྒཱ་ཡ་མུན་ན་ལ་སོགས་པའི་མིང་ཡང་མེད་པས། ངེས་བརྗོད་རིག་བྱེད་ཀྱང་། དེ་ཕྱོགས་ཞིག་ནས་བརྩམ་པར་གསལ་ཞིང་། ཏ་ཟིག་པའི་སྔོན་གྱི་ལུང་ཨབེསྟ་བྱ་བ་དང་། རིག་བྱེད་ལེགས་སྦྱར་སྐད་གཉིས་ཀྱང་ཤིན་ཏུ་མཐུན་པས་རིག་བྱེད་ཀྱང་ཏ་ཟིག་གི་ཕྱོགས་ནས་དར་བར་བཤད་པ་དང་། ཤིན་ཏུའུ་ཁོའུ་ཧྲི་བྱ་བའི་རི་རྒྱུད་དེ་ཞང་ཞུང་གི་མངའ་ཁོངས་བྲུ་ཤ་དང་ཁད་ཉེ་བ་མ་ཟད། ཤོག་དྲིལ་དུ་དགུན་བཙན་པོ་ཟུང་ཀར་ན་བཞུགས། དགུན་འདུན་སྐྱྀ་པྱི་ཙལ་དུ། སྐྱེས་བཟང་རྒྱལ་ཀོང་དང་། རྒྱལ་ཏ་ཁྲི་གོང་ཉིས་གྱིས་བསྡུསྟེ། བན:འཇག་ནག་པོ:དང་གོག་དང་། ཤྀག་ནིག་ལས་སྩོགསྟེ། སྟོད་ཕྱོགས་གྱྀ་ཕོ་ཉ་པྱག:འཙལད་ཅེས་པ་ལས་བན་འཇག་ནག་པོ་དང་གོག་ཡུལ། ཤྀག་ནིག་བྱ་བའི་ས་ཆ་རྣམས་རི་རྒྱུད་དེའི་ལྷོ་དང་བྱང་ངོས་སུ་ཆགས་པ་དང་། རྒྱ་གར་བ་རྣམས་ཀྱིས་གངས་ཆེན་པོ་ཏི་སེ་ནི། དབང་ཕྱུག་ཆེན་པོའི་གནས་རི་ཁྱད་དུ་འཕགས་པ་ཞིག་སྟེ། དབང་ཕྱུག་པའི་སྲོལ་ལུགས་གང་ནས་དར་བའི་འབྱུང་གནས་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་སྲོལ་ཡོད་པས་གངས་ཏི་སེ་དང་མཚོ་མ་ཕམ་བྱ་བ་འདི་ཉིད་ཞང་ཞུང་རིག་གནས་ཀྱི་ལྟེ་བ་ལྟ་བུར་ཆགས་པ་མ་ཟད། བྲམ་ཟེའི་ཆོས་ལུགས་ཀྱི་མཆེད་ཁོངས་ཤིག་ཏུའང་ངོས་འཛིན་ན། གུཔྟའི་རྒྱལ་རྒྱུད་སྐབས་ཀྱི་རྒྱ་གར་བའི་ཡི་གེའི་བྲིས་གཟུགས་དང་བོད་ཀྱི་ཡི་གེ་གཉིས་འབྲི་ཚུལ་འདྲ་བར་འབྱུང་བ་འདི་ཆེས་ཡ་མཚན་སྐྱེ་དགོས་པ་ཞིག་མ་ཡིན་ལ། ལྷག་པར་དེང་སང་རང་ཅག་གིས་འབྲི་བཞིན་པའི་དབུ་མེད་ཀྱི་ཡི་གེ་འགའ་དང་སྤྱི་ལོའི་སྔོན་གྱི་དུས་རབས་བཞིན་པའི་དབུ་མེད་ཀྱི་ཡི་གེ་འགའ་དང་སྤྱི་ལོའི་སྔོན་གྱི་དུས་རབས་བཞིན་པའི་ནང་བྱུང་བར་གྲགས་པའི་བྲམ་ཟེའི་ཡི་གེ་﹙婆罗米文﹚གཉིས་ཀྱི་བྲིས་གཟུགས་ཧ་ཅང་ཉེ་བ་ཡོད་པ་དང་། གཞན་ཡང་བོད་ཀྱི་ཨང་ཀིའི་འབྲི་ཚུལ་དང་དབུ་མེད་ཀྱི་ཡི་གེ་བྲིས་གཟུགས་གཉིས་ཧ་ཅང་འདྲ་བ་དཔེར་ན། ཨང་ཀའི་རི་མོ་༡༣༥༧༨༩སོགས་ནི་རིམ་བཞིན་དབུ་མེད་ཀྱི་ཡི་གེ་འ་གཔ་ལརཝབཅས་ཀྱི་བྲིས་གཟུགས་འདྲ་བ། ད་དུང་དབུ་མེད་ཀྱི་ལུགས་ལ་དབྱངས་ཡིག་འབྲི་ཚུལ་སྣ་ཚོགས་ཡོད་པ་འགའ་རང་རེས་མཚོ་བོད་མཐོ་སྒང་གི་གནའ་ཤུལ་ནས་རྙེད་པའི་རྫ་ཆས་སྟེང་གི་རི་མོ་དང་ཡང་ཕན་ཚུན་ཅུང་འདྲ་བ་མང་། སྤྱིར་བོད་ཀྱི་ཨང་ཀིའི་འབྲི་ཚུལ་འདི་འདྲ་བ་ནང་བསྟན་དར་བའི་ཏུང་ནན་ཡའི་﹙东南亚﹚རྒྱལ་ཁབ་ན་མཐོང་རྒྱུ་མང་པོ་འདུག་ཀྱང་། རྒྱལ་ཁབ་དེ་དག་ལ་ནང་བསྟན་རིག་གནས་དང་། རྒྱ་གར་རིག་གནས་ཀྱིས་ཤུགས་རྐྱེན་བཟོས་པ་ཡིན་ལ། བོད་དུ་དེ་ལྟ་མ་ཡིན་པར་ནང་ཆོས་བོད་དུ་མ་དར་བའི་ཡར་སྔོན་དུ་བོད་ལ་སྨན་རྩིས་ཀྱི་རིག་གནས་མང་པོ་ཞིག་དར་ཡོད་ན་དེའི་དོན་སྟོན་ཅིང་མཚོན་པར་བྱེད་པའི་ཨང་ཀའི་རི་མོ་ཙམ་ཞིག་མ་མཐར་ཡང་ཡོད་པ་རིགས་པ་ལ་ངེས་པ་དང་། གཞན་བོད་དུ་རྡོ་ཆས་གསར་མའི་དུས་རབས་ནས་རྫ་ཆས་རི་མོ་ཅན་དང་བྲག་བརྐོས་རི་མོ་མང་པོ་བྱུང་བ་དང་། ད་དུང་ཆེས་གནའ་དུས་ཀྱི་བོད་མིས་རྒྱན་དུ་གཟི་འདོགས་པ། གཟི་ཡང་རི་མོ་ཅན་དུ་བཟོ་ཐུབ་པ་སོགས་ཆེས་གནའ་དུས་ནས་ཤེས་རིག་ལག་རྩལ་ཆེས་ཆེར་དར་བའི་མི་རིགས་འདི་ཉིད་ཐོག་མཐའ་བར་གསུམ་དུ་མཚོ་བོད་མཐོ་སྒང་ཁོ་ན་ནས་འཕེལ་རྒྱས་བྱུང་བ་ར་སྤྲོད་བྱེད་ཐུབ་ན། འདི་འདྲའི་རིག་གནས་སྣ་མང་པོ་མཐའ་མི་ཆོད་པ་རྣམས་རྒྱ་གར་སོགས་མི་རིགས་གཞན་གྱི་རིག་གནས་བོད་དུ་ཚུར་དར་བའམ། ཡང་ན་བོད་ཀྱི་གདོད་མའི་རིག་གནས་རྒྱ་གར་སོགས་ལ་ཕར་མཆེད་པ་ཡིན། གང་ལྟར་བོད་ཀྱི་རིག་གནས་ཆེས་འཕེལ་རྒྱས་ཆེ་བའི་དུས་དེ་བཙན་པོ་སྲོང་བཙན་གྱི་དུས་ཙམ་མ་ཡིན་པར། བཙན་པོའི་རྒྱལ་རབས་མ་ཚུགས་པའི་གོང་རོལ་དུ་བོད་ལ་སྔོན་ཐོན་གྱི་རིག་གནས་སྣ་མང་པོ་ཞིག་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། འགའ་ཞིག་གིས་བོད་ཀྱི་ཡི་གེ་ནི་བཙན་པོ་སྲོང་བཙན་གྱི་དུས་ཙམ་དུ་བྱུང་བར་གཞི་བཅོལ་ཏེ། དེ་ནས་དབུ་ཅན་གྱི་ཡི་གེ་ལ་བརྟེན་ནས་རིམ་གྱིས་དབུ་མེད་བྱུང་བར་འདོད་ན་གོང་ནས་མང་དུ་དྲངས་པའི་སྣང་ཚུལ་དེ་རིགས་དང་ཕན་ཚུན་ཡན་གར་དུ་འགྲོ་ཉེན་ཆེ་བས་འདིའི་ཐད་ལ་མཁྱེན་དཔྱོད་ཡངས་པ་དག་གིས་དགོངས་འཆར་ལྷུག་པོ་ཡོང་བར་ཞུ།།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060