| 〔ནང་དོན་གནད་བསྡུས〕དཔྱད་རྩོམ་འདིའི་ནང་ཐོག་མར་སྐད་གདངས་དང་སྐད་གདངས་རིག་པའི་བྱེད་ནུས་དང་ཁྱད་ཆོས།ཞིབ་འཇུག་ཁྱབ་ཁོངས་སོགས་འབྲེལ་ཡོད་ཅུང་ཙམ་གླེང་བ་དང་།བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱི་བོད་ཡིག་གི་སྐད་གདངས་སྐོར་གྱི་དཔྱད་པ་གང་ཡོད་ངོ་སྤྲོད་བྱས་པའི་རྨང་གཞིའི་ཐོག་དེང་རབས་སྐད་གདངས་རིག་པའི་ཡན་ལག་སྟེ་ཚོད་ལྟ་སྐད་གདངས་རིག་པའི་ཞིབ་འཇུག་བྱེད་ཐབས་དཔེ་དང་སྦྲགས་ནས་ངོ་སྤྲོད་མདོ་ཙམ་བྱས་ཡོད། 〔བརྡ་ཆད་གཙོ་བོ།〕སྐད་གདངས། སྐད་གདངས་རིག་པ། ཚོད་ལྟ་སྐད་གདངས་རིག་པ།སྒྲ་རིས། ཁྱད་ཆོས། སྐད་ཆ་ནི་འགྲོ་བ་མིས་དུས་ཡུན་རིང་བའི་འཚོ་བ་དང་ཐོན་སྐྱེད་ལག་ལེན་གྱི་ཁྲོད་ནས་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གསར་གཏོད་བྱས་པ་ཞིག་དང་།དུས་ཀྱི་འཕེལ་འགྱུར་དང་བསྟུན་ཏེ་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་རིག་གནས་ཀྱི་མ་ལག་གལ་ཆེན་ཞིག་ཀྱང་ཡིན།དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ང་ཚོས་སྐད་ཆའི་སྒྲ་དོན་གཅིག་འདུས་ཀྱི་བྱེད་ནུས་ལ་བརྟེན་ནས་ཕན་ཚུན་ཁ་བརྡ་དང་།བསམ་བློ་བརྗེ་རེས།གནད་དོན་ཐག་གཅོད་པ་སོགས་བྱ་བ་གང་མང་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད།སྐད་ཆ་ནི་འགྲོ་བ་མིའི་བྱུང་འཕེལ་དང་དར་རྒུད་ལ་འབྲེལ་བ་ཧ་ཅང་དམ་པའི་རིག་གནས་ཀྱི་བྱེ་བྲག་གཙོ་བོ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་ང་ཚོར་བདེན་དཔང་བྱས་ཡོད།སྐད་ཆའི་ངོ་བོར་གྱུར་པའི་སྐད་གདངས་ནི་སྐད་ཆའི་འཕེལ་རྒྱས་ཀྱི་དུས་རིམ་ཁྲོད་དུ་བླ་སྲོག་ལྟ་བུའི་གོ་གནས་ཆེན་པོ་ཞིག་བཟུང་ཡོད་སྟབས་སྐད་ཆ་དང་དེའི་བྱེ་བྲག་གི་ཡུལ་སྐད་དང་ལུང་སྐད་གང་འདྲ་ཞིག་ལ་ཞིབ་འཇུག་བྱེད་དགོས་ན་ཐོག་མར་དེའི་སྐད་ཆའི་གདངས་ལ་ཞིབ་འཇུག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་ཡིན་པ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས།“དེ་དུས་ཀྱི་བོད་སྐད་ནི། ལྷ་སའི་སྐད་དང་། གཙང་པའི་སྐད།ཨ་མདོའི་སྐད་སོགས་གང་ཡང་མ་ཡིན་པར་སྐད་དེ་ཚོ་ཚང་མའི་ནང་ནས་ལེགས་ཆ་འདུས་ཤིང་ཁྱབ་ཆེ་བའི་གཅིག་གྱུར་གྱི་སྐད་ཅིག་རེད།ང་ཚོས་བོད་སྐད་ཀྱི་འཕེལ་རྒྱས་འགྲོ་ཕྱོགས་དེ་དང་བསྟུན་ནས།མིག་སྔར་སྔར་ཡོད་སུམ་རྟགས་ཀྱི་འགྲོ་ལུགས་རྣམས་རྒྱུན་འཛིན་བྱས་པ་དང་ཆབས་ཅིགས་གནས་ཁག་གི་ཡུལ་སྐད་དང་གནའ་རབས་བོད་ཡིག་གི་རྩོམ་ཡིག་ཁག་ལ་ཞིབ་འཇུག་བྱས་ཏེ།འབྱུང་འགྱུར་ཡིག་སྐད་དང་ཡུལ་སྐད་གཅིག་གྱུར་ཡོང་བ་བྱེད་རྒྱུའི་རྨང་གཞི་འདིང་ཐུབ་པ་བྱེད་དགོས་ཀྱི་རེད།”ཅེས་གསུངས་ཡོད།གཞན་རྒྱའི་སྐད་གདངས་སྨྲ་བ་ཀྲོའུ་ཐུང་ཁྲུན་གྱིས་“སྐད་གདངས་ནི་ཕན་ཚུན་བར་ལ་བརྡ་གཏོང་བྱེད་ཀྱི་ཐོག་གི་རྣམ་པ་ཞིག་ཡིན།དེང་རབས་སྐད་བརྡ་རིག་པའི་བཞེད་ཚུལ་ལྟར་ན།སྐད་ཆ་ཞིག་ལ་ཞིབ་འཇུག་བྱེད་དགོས་ན་ཐོག་མར་དེའི་ཁ་སྐད་ལ་ཞིབ་འཇུག་བྱས་ཏེ་མིང་ཚིག་གི་གདངས་ཀྱི་འགྱུར་བ་ལས་སྐད་ཆའི་འཕེལ་འགྱུར་གྱི་ཆོས་ཉིད་ཤེས་དགོས།”ཞེས་གསུངས།གོང་གི་སྡོམ་ཚིག་འདི་གཉིས་ལས་སྐད་གདངས་ལ་ཞིབ་འཇུག་བྱེད་པའི་གལ་ཆེན་རང་བཞིན་ལྷུག་པར་བརྗོད་ཡོད།ད་ལྟའི་བོད་རང་ལ་མཚོན་ན།ཡུལ་སྐད་ཆེན་པོ་གསུམ་དང་དེ་རེ་རེ་ལ་ནང་གསེས་ཀྱི་ལུང་སྐད་ཀྱང་མང་པོ་ཞིག་གྲུབ་ཡོད།གལ་ཏེ་བོད་རང་ལ་སྤྱི་སྐད་ཅིག་གཏན་འབེབས་བྱེད་དགོས་ན་ཐོག་མར་ཡུལ་སྐད་སོ་སོའི་སྐད་ཀྱི་གདངས་ལ་ཞིབ་འཇུག་ལེགས་པར་བྱས་ནས་གཅིག་མཐུན་གྱི་ཆ་རྣམས་ཕྱོགས་བསྡོམས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་པ་སྨོས་མི་དགོས།སྐད་བརྡ་རིག་པ་སོགས་འབྲེལ་ཡོད་ཀྱི་གཞུང་ལུགས་སྐོར་ལ་ཞིབ་འཇུག་བརྟག་དཔྱད་བྱེད་སྐབས་སྐད་གདངས་རིག་པའི་རྨང་གཞི་ངེས་ཅན་ཞིག་ཡོད་ན་གྲུབ་འབྲས་ཆེན་པོ་ཞིག་ཐོབ་ངེས་ཡིན།
དང་པོ། སྐད་གདངས་རིག་པའི་སྐོར།
གཅིག གང་འདྲ་ཞིག་ལ་སྐད་གདངས་ཟེར། སྒྲ་ནི་མི་མ་ཡིན་པའི་སྲོག་ཆགས་གཞན་དག་ལའང་ཡོད་མོད།སྐབས་འདིར་བརྗོད་གཞིར་གྱུར་བའི་སྐད་གདངས་ནི་མི་དང་སྲོག་ཆགས་གཉིས་ཀྱི་ཁྱད་པར་འབྱེད་ཆོས་སུ་འགྱུར་བའི་མིའི་སྐད་ཆ་དེ་ལ་གོ་བ་ཡིན།སྐད་ཆ་ནི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་ངེས་ཅན་ཞིག་གི་སྔོན་འགྲོའི་ཆ་རྐྱེན་གྱི་འོག་ནས་གྲུབ་པའི་བརྡ་རྟགས་མ་ལག་﹙信号系统﹚ཅིག་རེད།མིའི་སྐད་གདངས་དེ་སྲོག་ཆགས་ཀྱི་སྐད་གདངས་དང་བསྡུར་ན་ཁྱད་ཆོས་མི་ཉུང་བ་ཞིག་ལྡན་ཡོད་དེ།གཅིག་ནས་ནང་དོན་གྱི་རྒྱ་ཧ་ཅང་ཆེ་བ།དཔེར་ན་ང་ཚོས་དུས་རྒྱུན་གྱི་འཚོ་བ་དང་མི་ཕན་ཚུན་གྱི་འབྲེལ་འདྲིས་བརྒྱུད་ནས་འདས་ཟིན་གྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་སོགས་ལ་ངེས་ཟིན་དང་རྒྱུས་ལོན་ངེས་ཅན་ཞིག་སྐྱེས་ཐུབ་པ་དང་མཉམ་དུ་འབྲེལ་ཡོད་ཀྱི་ཤེས་བྱ་གང་མང་ཞིག་སྡུད་ལེན་བྱེད་ཐུབ་པ་ལྟ་བུ་དང་།གཉིས་ནས་བཀོལ་སྤྱོད་ཀྱི་རྒྱ་ཡང་ཆེ་བ་སྟེ།མིའི་རིགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཀྱི་ཁྲོད་ནས་ཕན་ཚུན་དབར་ཁ་བརྡ་དང་སློབ་སྦྱོང་བྱེད་པར་བརྟེན་ཏེ་མེས་པོ་རྣམས་ཀྱིས་སྤྱི་བསྡོམས་དང་ཕྱོགས་བསྒྲིགས་བྱས་པའི་འཚོ་བ་དང་ཐོན་སྐྱེད་ཐད་ཀྱི་ཉམས་མྱོང་ཤེས་རྟོགས་དང་།དེ་བཞིན་ཆུང་བྱིས་པ་རྣམས་ཀྱིས་ཉེར་མཁོའི་དངོས་པོ་ངོས་འཛིན་དང་།དར་མ་རྣམས་ཀྱིས་ཡོན་ཏན་སློབ་པ་དང་།གསར་གཏོད་མཁན་གྱིས་གསར་གཏོད་བྱེད་པ་སོགས་སྐད་ཆའི་བྱེད་ནུས་ཀྱིས་གསལ་པོར་ཤེས་ཐུབ།ད་དུང་མི་ཞིག་སྐད་གདངས་ལས་མི་དེའི་འཚོ་བའི་ཁོར་ཡུག་དང་མི་རིགས་ཀྱི་འདུ་ཤེས།ཡོན་ཚད་སོགས་ཕྱོགས་མང་པོ་ཞིག་ལ་རྒྱུས་ལོན་བྱེད་ཐུབ་པ་མ་ཟད་མི་ཞིག་གི་“བསམ་ཞིག་བྱེད་ནུས་”ཏེ་བྱ་བ་ཞིག་ལ་བསམ་ཞིག་བྱེད་པའི་གོ་རིམ་དང་།ཐ་སྙད་ཀྱི་གོ་བ་ལེན་ཚུལ།འགྲིག་མིན་བརྡར་ཤ་གཅོད་པ་སོགས་བསམ་གཞིག་བརྒྱུད་རིམ་ཀྱང་ཤེས་ཐུབ། གཉིས། སྐད་གདངས་རིག་པའི་ཁྱབ་ཁོངས་བཤད་པ། སྐད་གདངས་རིག་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་དགོས་ན།ཐོག་མར་དེའི་ཞིབ་འཇུག་གི་ཁྱབ་ཁོངས་དང་ནང་དོན་གྱི་ཕྱོགས་ལ་ངོས་འཛིན་གསལ་པོ་ཞིག་དགོས་གལ་ཆེ།སྤྱིར་ན་སྐད་གདངས་རིག་པ་ཟེར་པའི་རིག་ཚན་འདིའི་ནང་དོན་གྱི་རྒྱ་ཧ་ཅང་ཆེ་རུང་།སྐབས་བབ་ཀྱི་བརྗོད་གཞིར་གྱུར་བའི་སྐད་གདངས་རིག་པ་འདི་ནི་“སྐད་བརྡ་རིག་པའི་སྐད་གདངས་རིག་པ་”(语言学的语言)(Linguistic honetics བསྡུས་མིང་LPཞེས་འབོད)ལ་གོ་བ་ཡིན།དེར་སྐད་གདངས་རིག་པའི་རིག་གཞུང་སྤྱིའི་ཕྱོགས་ནས་བལྟས་ན་བྱེ་བྲག་གི་ཚུལ་དུ་གནས་ཀྱང་སྐད་གདངའ་དང་འབྲེལ་བའི་རིག་ཚན་གཞན་དག་གི་རྨང་གཞིར་གྱུར་ཡོད།རིག་ཚན་འདིས་སྐད་བརྡ་རིག་པའི་གཞུང་ལུགས་ལ་གཞིར་བྱས་ནས་སྒྲའི་འདོན་སྟངས་དང་།སྐད་གདངས་ཚོད་ལྟའི་(语言实验)ཞིབ་འཇུག་གི་ཐབས་ལམ་ལ་བརྟེན་ཏེ་སྐད་བརྡ་དང་སྐད་གདངས་ཞིབ་འཇུག་གི་ཁྲོད་དུ་གནས་པའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད།གཤམ་ལ་ཕྱོགས་གསུམ་གྱི་ཐོག་ནས་སྐད་གདངས་རིག་པའི་མཚན་ཉིད་བཤད་ན། ༡ སྐད་གདངས་རིག་པའི་སྤྱིའི་རིག་གཞུང་གི་བྱེ་བྲག་སྟེ།“སྐད་བརྡ་རིག་པའི་སྐད་གདངས་རིག་པ་”ནི་སྒྲའི་འདོན་སྟངས་ལ་ཞིབ་འཇུག་བྱེད་པའི་སྐད་གདངས་རིག་པའི་བྱེ་བྲག་གི་རིག་ཚན་ཞིག་ཡིན། ༢སྐད་བརྡ་རིག་པའི་སྐད་གདངས་རིག་པ་དང་ཚོད་ལྟ་སྐད་གདངས་རིག་པ་གཉིས་རིག་ཚན་གཅིག་ལ་གོ་ཆོ། ༣སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་ཁྲོད་ནས་སྐད་གདངས་རིག་པ་ནི་སྒྲའི་འདོན་སྟངས་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པའི་བྱེ་བྲག་གི་རིག་ཚན་ཞིག་ཡིན།དེའི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི། སྒྲའི་དོན་ལུས་ཁམས་དང་།﹙发音生理﹚སྒྲའི་རྒྱུན་གཏོང་།﹙声学传播﹚རྣམ་རྟོག﹙感知﹚སྒྲའི་སྒྲིག་འཛུགས་དང་བྱེད་ནུས།﹙组织和功能﹚ཁྱབ་བསྒྲགས་དང་ཁྱད་ཆོས﹙发布和共性﹚རང་བྱུང་གི་འཕེལ་འགྱུར་﹙自然演变﹚བཅས་སོ།
གསུམ། སྐད་བརྡ་རིག་པའི་ཁོངས་སུ་མི་གཏོགས་པའི་སྐད་གདངས་རིག་པའི་རིག་ཚན་བཤད་པ།
གོང་དུ་ངོ་སྤྲོད་བྱས་པ་ནི་སྐད་བརྡ་རིག་པའི་ཁྱབ་ཁོངས་ཀྱི་སྐད་གདངས་རིག་པ་ཡིན་ལ།འདིར་མི་འདུ་བའི་སྐད་གདངས་ཀྱི་རིག་ཚན་ད་དུང་གང་མང་ཞིག་ཡོད།དེ་ཡང་སྐད་གདངས་རིག་པའི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་སྐད་གདངས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ཡིན་པས་སྐད་གདངས་དང་འབྲེལ་ཡོད་ཀྱི་རིག་ཚན་གང་མང་ཞིག་དང་འབྲེལ་བ་ཡོད།ཉེ་བའི་ལོ་བཅུ་ཕྲག་འགའི་རིང་དུ།སྐད་གདངས་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཉིན་རེ་བཞིན་རྒྱ་བསྐྱེད་དུ་སོང་བཞིན་ཡོད་པ་དང་།ད་ལྟའི་རིག་ཚན་གང་མང་ཞིག་གི་གཞུང་ལུགས་དང་ལག་ལེན་གྱི་ཁྲོད་དུ་སྐད་གདངས་ལ་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར་དང་ཕྱུར་བཞིན་མཆིས་པ་དཔེར་ན།རྩིས་རིག་དང་། རྩིས་འཁོར། ལས་གཞི།﹙工程﹚སེམས་ཁམས་རིག་པ། སྒྲ་རིག་པ།﹙声学﹚མིས་བཟོས་རིག་ནུས།﹙人工智能﹚སྨན་གཞུང་།སྤྱི་བདེ་སོགས་རིག་ཚན་འདི་དག་གི་ཁྲོད་ནས་ཀྱང་སྐད་གདངས་ཀྱི་ཞིབ་འཇུག་ལ་མཐོང་ཆེན་བྱེད་བཞིན་ཡོད།རྩིས་འཁོར་བཀོལ་སྤྱོད་དང་ཞིབ་འཇུག་ལ་གཞིར་བཞག་ནས་བཤད་ན།གཅིག་ནས་སྒྲའི་འདོན་སྟངས་ཀྱི་ཁྱད་ཆོས་ལ་ངེས་ཟིན་དང་རྒྱུས་ལོན་ངེས་ཅན་ཞིག་ཡོད་པའི་ཆ་རྐྱེན་འོག་རྩིས་འཁོར་གྱི་ལག་རྩལ་ལ་བྱང་བ་དང་སྒྲིག་རིམ་ལ་ཆེད་མཁས་པ་དེ་དག་ལ་བརྟེན་ནས་སྒྲའི་ནང་འཇུག་གི་﹙语音输入﹚མཉེན་ཆས་སོགས་གསར་གཏོད་བྱེད་བཞིན་ཡོད།གཉིས་ནས་སྐད་གདངས་མཉམ་སྡེབ་﹙语音合成﹚དང་སྐད་གདངས་ངོས་འཛིན་﹙语音识别﹚སོགས་སྨྲ་བརྗོད་ལས་གཞིའི་﹙言语工程﹚ཕྱོགས་ལ་མཐོང་ཆེན་བྱེད་བཞིན་མཆིས། མདོར་ན།སྐད་གདངས་ལ་ཞིབ་འཇུག་བྱེད་པ་དེ་ལ་“སྐད་གདངས་ཚན་རིག”“语言科学”﹙phoneticsciences﹚ཅེས་འབོད།
 ཡང་སྐད་གདངས་ཚན་རིག་གི་ནང་དུ་སྐད་བརྡ་རིག་པའི་སྐད་གདངས་རིག་པའང་འདུ་ཞིང་།ཡིན་ནའང་དེའི་ཁྲོད་ཀྱི་རིག་ཚན་ཕལ་ཆེར་ཞིག་སྐད་བརྡ་རིག་པ་དང་འབྲེལ་བ་མེད་པ་དང་།སྐད་གདངས་ཚན་རིག་གི་ཁྲོད་ནས་སྐད་བརྡ་རིག་པའི་སྐད་གདངས་རིག་པ་ནི་སྐད་བརྡ་རིག་པ་དང་འབྲེལ་བ་ཧ་ཅང་དམ་པའི་རིག་ཚན་ཞིག་ཡིན།གོང་གི་དཔེ་རིས་སྟེང་ནས་སྐད་གདངས་ཚན་རིག་དང་། སྐད་བརྡ་རིག་པ།སྐད་བརྡ་རིག་པའི་སྐད་གདངས་རིག་པའི་འབྲེལ་བ་བཅས་གསལ་པོར་ཤེས་ཐུབ། གཉིས་པ། བོད་ཡིག་གི་སྐོར་བཤད་པ། གཅིག བོད་ཡིག་གི་བྱུང་འཕེལ་ལོ་རྒྱུས། བོད་ཡིག་ནི་ལོ་རྒྱུས་ཤིན་ཏུ་རིང་བའི་སྒྲ་སྦྱོར་ཡི་གེ་ཞིག་ཡིན་ལ།དེས་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོའི་ཁྲོད་བོད་པའི་འཚོ་བ་དང་ཐོན་སྐྱེད།རིག་གནས་གོང་འཕེལ་བཅས་ཀྱི་ཐད་ལ་ནུས་པ་ཆེན་པོ་ཐོན་ཡོད།དུས་རབས་བདུན་པའི་སྐབས་སློབ་དཔོན་ཐོན་མིས་ཡི་གེ་གསར་དུ་མཛད་པ་ནས།རིམ་བྱོན་གྱི་མཁས་པས་ཡི་གེའི་སྲོལ་འདི་འཐུས་ཚང་དང་གྲ་རྒྱས་སུ་བཏང་ནས་ཕྱི་རབས་པར་བཞག་དེའི་ཁྲོད་དུ་སྐད་བརྡ་རིག་པ་དང་།སྐད་གདངས་རིག་པ། ལོ་རྒྱུས་རིག་པ།མི་རིགས་རིག་པ་སོགས་ཀྱི་དཔྱད་གཞི་རིན་ཐང་ལྡན་པ་ཤིན་ཏུ་མང་པོ་ཡོད། སྐད་ཡིག་ནི་མི་རིགས་ཤིག་གི་བྱུང་འཕེལ་གྱི་ལོ་རྒྱུས་དང་བསྟུན་ནས་བྱུང་བའི་རིག་གནས་ཀྱི་ཡན་ལག་གལ་ཆེན་ཞིག་ཡིན་པ་དང་།བོད་ཡིག་གི་མ་ཕྱི་ནི་བོད་རང་གི་སྐད་ཡིན་ལ་དབྱངས་གསལ་གཉིས་ཀྱི་སྦྱོར་བ་ལ་བརྟེན་ནས་གྲུབ་པའི་བརྡ་རྟགས་ཤིག་གོདེ་ཡང་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས།“འཛམ་གླིང་གི་མི་རིགས་གང་འདྲ་ཞིག་ཡིན་རུང་དབྱེ་བ་མེད་པར་ཐོག་མར་མི་རིགས་དེའི་སྐད་བྱུང་བ་དང་།དེ་རྗེས་རིམ་བཞིན་ཡི་གེ་བྱུང་བ་ལྟར་རང་ཅག་བོད་མི་རིགས་ཀྱི་སྐད་ཡིག་གི་བྱུང་རིམ་ཡང་དེ་ལས་མ་འདས་པ་ཡིན།དེ་ལས་སྐད་ནི་མི་རིགས་བྱུང་བའི་རྗེས་སུ་རིམ་བཞིན་ཆ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་བྱུང་བ་ཞིག་ཡིན་ལ།ཡི་གེ་ནི་མི་རིགས་སོ་སོའི་སྐད་ཀྱི་ཚབ་བྱེད་ཐུབ་པའི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་ལ།མི་རིགས་སོ་སོའི་ཡི་གེ་བྱུང་བའི་དུས་རིམ་ནི་གཅིག་པ་མིན་པར་ཁ་ཅིག་ལ་ལོ་རྒྱུས་རྒྱུན་རིང་བ་དང་།ཁ་ཅིག་ལ་ལོ་རྒྱུས་ཀྱི་རྒྱུན་ཐུང་བའི་ཁྱད་པར་ཡོད།”ཅེས་གསུངས་ཡོད། སྐད་ཆ་དང་ཡི་གེ་གཉིས་ལ་མཚོན་ན།གཅིག་ནས་འགྲོ་བ་མི་དང་སྲོག་ཆགས་གཞན་དག་དབྱེ་འབྱེད་ཀྱི་ཁྱད་ཆོས་མངོན་སུམ་ལྡན་པ་ཞིག་ཡིན་པ་དང་།གཉིས་ནས་སྐད་དང་ཡི་གེ་གཉིས་ཀྱི་བྱུང་འཕེལ་ལོ་རྒྱུས་ཐད་ནས་བལྟས་ན་སྔ་གཞུག་ལ་དུས་ཡུན་གྱི་ཁྱད་པར་ཆེན་པོ་ལྡན་ཡོད།ཡང་དེ་གཉིས་ཀྱི་བྱེད་ནུས་ཀྱི་ཐད་ནས་བཤད་ན།སྐད་ཆ་ནི་སྒྲ་དོན་གཅིག་འདུས་ཀྱི་ཕུང་པོ་ཡིན་ལ་ཡུལ་དུས་ཀྱི་བཀག་རྒྱ་ཆེན་པོ་ལྡན་ཡོད་པ་དང་།དེ་ལས་ལྡོག་སྟེ་དུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་རིམ་བཞིན་སྒྲ་གཟུགས་དོན་གསུམ་གྱི་ཡི་གེ་བྱུང་སྟབས་ཡུལ་དུས་ཀྱི་བཀག་རྒྱ་ལས་གྲོལ་བར་བྱས་ནས་ཕན་ཚུན་བར་གྱི་ཁ་བརྡ་དང་འབྲེལ་འདྲིས།སློབ་སྦྱོང་སོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད། གཉིས། ཡི་གེ་ཟེར་བ་གང་ཞིག་ལ་ངོས་འཛིན་དགོས། སྐབས་བབ་འདིར་བརྗོད་པའི་ཡི་གེ་ནི་ཤོག་བུ་དང་རྩིས་འཁོར་གྱི་འཆར་ངོས་སུ་འཁོད་པའི་ཡི་གེའི་གཟུགས་དེ་ལ་གོ་བ་དང་།ལྷག་པར་དུ་འདྲ་གཟུགས་ཡི་གེ་ལས་བྱུང་བའི་རྒྱ་ཡིག་ལ་མཚོན་ན་ཡི་གེ་ཟེར་བ་དེ་ཡི་གེའི་གཟུགས་ཁོ་ན་ལ་གོ་བཞིན་ཡོད།དེ་བཞིན་ཀྲོའུ་ཐུང་ཁྲུན་གྱིས།“སྐད་ཆ་ལ་ཡིག་ཐོག་དང་ངག་ཐོག་གི་རྩ་བའི་རྣམ་པ་གཉིས་ཡོད།དང་ཐོག་བཀོལ་སྤྱོད་བྱེད་པའི་སྐད་ཆ་ནི་ངག་ཐོག་གི་སྐད་ཆ་དེ་ཡིན།དུས་ཡུན་རིང་པོ་ཞིག་འདས་པའི་རྗེས་སུ་ཡིག་ཐོག་གི་སྐད་ཆ་འདི་བྱུང་བ་ཡིན།”ཞེས་གསུངས་ཡོད།བོད་དུ་ཡི་གེའི་མཚན་ཉིད་སྐོར་ལ་“སྤྱིར་ཡི་གེ་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་པའི་སྐོར་མི་རིགས་སོ་སོའི་གོམས་གཤིས་ཆགས་སྟངས་དང་རིག་གནས་འཕེལ་ཚུལ་སོགས་ཀྱི་རྐྱེན་གྱིས་འདྲ་མིན་གྱི་འཆད་ཚུལ་ཡོད་པ་སྨོས་ཅི་དགོས།རང་ཅག་བོད་ཀྱི་སྒྲ་རིག་པ་དང་། བརྡ་སྤྲོད་རིག་པ།ཚད་མ་རིག་པ་བཅས་ཀྱི་ནང་དུ་ཡི་གེ་ཟེར་བ་ནི་མིང་ཚིག་གཉིས་ཀྱི་རྩོམ་གཉིས་གྱུར་པའི་སྐད་ཀྱི་གདངས་དེར་ངོས་འཛིན་ཅིང་།སྐད་ཀྱི་སྒྲ་མཚོན་བྱེད་ཀྱི་རི་མོ་དེ་ལ་ཡིག་གཟུགས་ཟེར་བ་མ་གཏོགས་ཡི་གེ་དངོས་མིན་པར་འདོད།”ཅེས་དང་། དེ་བཞིན་དམུ་དགེ་བསམ་གཏན་གྱིས།“སྤྱིར་ཡི་གེའི་ངོ་བོ་སྒྲ་དང་གཟུགས་གང་ཡིན་ལ་མི་མཐུན་པ་ཡོད་དེ།སྔོན་གྱི་སྒྲ་པ་སྟེ་བརྡ་སྤྲོད་རིག་པ་བ་རྣམས་ཀྱིས་ཡི་གེ་ནི་སྒྲ་ཡིན་པར་འདོད་དེ།ས་པཎ་གྱི་སྒྲ་འཇུག་ལས། ཡི་གེའི་མཚན་ཉིད་ནི། སྒྲ་གང་ཞིག་འབྲུར་ཆགས་པའོ།། ཞེས་གསུངས།ཚད་མ་བ་རྣམས་ཀྱང་སྒྲར་འདོད་དེ། ཚད་མ་རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས།སྐྱེ་ལ་ཤེས་པས་སྒྲ་སྐྱེའོ།། ཞེས་ཡི་གེའི་ངོ་བོ་སྐད་ཀྱི་གདངས་འབའ་ཞིག་ཡིན་པར་བཤད་དོ།དེ་བཞིན་དུ།བོད་ཀྱི་མཁས་པ་སྒྲ་ཚད་པ་རྣམས་ཀྱིས་ཀྱང་ཡི་གེའི་ངོ་བོ་སྒྲ་ཁོ་ནར་འདོད་དེ།མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་དེ། ཡི་གེའི་མཚན་ཉིད་དུ་འདོད་དེ།དེ་ཡང་བརྗོད་འདོད་ཀྱི་དབང་གིས་རླུང་གཡོས། དེ་ལས་ཡི་གེའི་གདངས་སྐྱེ།དེ་ཉིད་མིག་འཛུམ་གཅིག་གི་ཡུན་ཚད་ཅན་ལ་ཐུང་ངུ་། གཉིས་ཀྱི་ཡུན་ཚད་ཅན་ལ་རིང་པོ།གསུམ་གྱི་ཡུན་ཚད་ཅན་ལ་ཤིན་ཏུ་རིང་པོའི་ཐ་སྙད་སྦྱར། ཡི་གེའི་རྒྱུ་གང་ལས་བྱུང་ཞེ་ན།གནས་དང་། བྱེད་པ་དང་། རླུང་དང་། རྣམ་པར་རྟོག་པའམ་ཤེས་པ་བཞི་ལས་བྱུང་།”ཞེས་གསུངས་ཡོད་པས།བོད་རྒྱ་གཉིས་ལ་མཚོན་ན་ཡི་གེའི་ངོ་བོ་མི་འདྲ་བའི་རྐྱེན་གྱིས་དེའི་ཐད་ཀྱི་ངོས་འཛིན་ལའང་ཁྱད་པར་ཆེན་པོ་ལྡན་ཡོད།དེ་བཞིན་དཔའ་རིས་སངས་རྒྱས་ཀྱིས་“སྤྱིར་འཇིག་རྟེན་ཁམས་ན་སྐད་རིགས་སྣ་ཚོགས་ཡོད་པ་དང་།དེ་མཚུངས་ཡི་གེའི་རིགས་ཀྱང་མང་མོད། རགས་པར་བསྡུས་ན། ཡི་གེ་སྦྱོར་ཀློག་ཅན་དང་།དཔེ་རིས་ཅན་གཉིས་སུ་འདུས་སོ། རིགས་འདི་གཉིས་ཀའི་གྲུབ་ལུགས་མི་འདྲ་བས།ངོ་བོའང་དེ་འདྲ་མི་གཅིག་ལ།དབྱངས་གསལ་གཉིས་རྩ་བར་བྱས་ནས་གནས་རྣམས་སུ་བྱེད་པ་རྣམས་ཕྲད་པ་ལས་བྱུང་བའི་བོད་ཡིག་ལྟ་བུའི་ཡི་གེ་སྦྱོར་ཀློག་ཅན་གྱི་ངོ་བོ་ནི།མིང་དང་ཕྲད་སོགས་རྩོམ་པའི་གཞིར་གྱུར་པའི་སྐད་ཀྱི་གདངས་ཡིན་ཞིང་།དངོས་པོ་གང་དང་གང་ཞིག་རི་མོའི་རྣམ་པ་བྲིས་པ་དེ་རིམ་གྱིས་ཡི་གེར་གྱུར་པའི་རྒྱ་ཡིག་ལྟ་བུའི་ཡི་གེ་དཔེ་རིས་ཅན་གྱི་ངོ་བོ་ནི།སྐད་ཀྱི་གདངས་སམ་སྒྲ་གང་ཞིག་འབྲུ་རུ་ཆགས་པ་མ་ཡིན་གྱི།སྐད་ཆ་མཚོན་བྱེད་ཀྱི་རྟགས་ཙམ་ཡིན་ནོ།”ཞེས་གསུངས་ཡོད། གསུམ། ཡི་གེའི་རྒྱུ་བཤད་པ།ཡི་གེ་ནི་མིའི་རྣམ་རྟོག་དང་རླུང་དང་སྒྲ་འདོད་དབང་པོ་སོགས་ཕན་ཚུན་དབར་རམ་འདེགས་ཀྱིས་ཚུལ་དུ་འདོན་པའི་སྐད་གདངས་ལ་གོ་བ་ཡིན།“ཡི་གེའི་རྒྱུ་གང་ལས་བྱུང་ཞེ་ན། གནས་དང་། བྱེད་པ་དང་།རླུང་དང་། རྣམ་པར་རྟོག་པའམ་རྣམ་པར་ཤེས་པ་བཞི་ལས་བྱུང་ངོ་།།དེ་དག་གིས་རྒྱུ་ཅི་ལྟར་བྱེད་ཅེ་ན། གནས་ནི་གཞིའི་རྒྱུ་སྟེ། དྲིལ་བུའི་ཁོག་པ་ལྟ་བུའོ།། བྱེད་པ་ནི་ཡི་གེ་འབྱིན་པར་བྱེད་པའི་རྒྱུ་སྟེ།དྲིལ་བུའི་ལྕེ་ལྟ་བུའོ།། རླུང་ནི་སྐྱོད་པར་བྱེད་པའི་རྒྱུ་སྟེ།དྲིལ་བུ་སྐྱོད་པའི་ལག་པ་ལྟ་བུའོ།།རྣམ་རྟོག་དང་རྣམ་ཤེས་ནི་སྐུལ་བར་བྱེད་པའི་རྩ་བའི་རྒྱུ་སྟེ།དྲིལ་བུ་འཁྲོལ་བར་བྱེད་པའི་སྐྱེས་བུ་ལྟ་བུའོ།།”ཡི་གེའི་སྐྱེ་གནས་ལ་བརྒྱད་ཡོད་དེ་ཁོག་པ་དང་། མགྲིན་པ་དང་།རྐན་དང་། སོ་དང་། མཆུ་ཏོ་དང་། ལྕེ་དང་། སྤྱི་བོ་དང་། སྣ་སྦུག་དང་བརྒྱད་དོ།གནས་དེ་རྣམས་ཀྱང་དོག་པའི་གནས་དང་། ཡངས་པའི་གནས་གཉིས་སུ་འདུ།དོག་པའི་གནས་ནི་མགྲིན་པ་དང་། སྣ་དང་། སྤྱི་བོ་གསུམ་མོ། ཡངས་པའི་གནས་ནི་ཁོག་པ་དང་།རྐན་དང་། ལྕེ་དང་། སོ་དང་། མཆུ་ལྔའོ། དབྱངས་གསལ་སོ་བཞིའི་གནས་གང་དག་ལས་བྱུང་ཞེ་ན།“དེའང་ཀ་ཁ་ག་ང་འ་ཧ་ཨ་བཅས་བདུན་གྱི་སྐྱེ་གནས་མགྲིན་པ་དང་།ཅ་ཆ་ཇ་ཉ་ཙ་ཚ་ཛ་ཞ་ཟ་ཤ་ཨི་ཨེ་བཅས་བཅུ་གཉིས་ཀྱི་སྐྱེ་གནས་རྐན་དང་།ཏ་ཐ་ད་ན་ཟ་ལ་ས་བཅས་བདུན་གྱི་སྐྱེ་གནས་སོ་དང་།པ་ཕ་བ་མ་ཝ་ཨུ་ཨོ་བཅས་བདུན་གྱི་སྐྱེ་གནས་མཆུ་དང་།ར་ཡིག་གི་སྐྱེ་གནས་ལྕེ་རྩེ་དང་ཉེ་བའི་སྟེང་ཕྱོགས་བཅས་དང་།ང་ཉ་ན་མ་རྣམས་རང་རང་གི་སྐྱེ་གནས་སུ་མ་ཟད་སྣ་སྒྲ་དང་བཅས་པའོ།།བྱེད་པ་ནི་མགྲིན་པ་དང་མཆུ་ལས་སྐྱེས་པ་རྣམས་རང་རང་གི་སྐྱེ་གནས་ཀྱི་བྱེད་པ་ཅན་དང་།རྐན་ལས་སྐྱེས་པ་རྣམས་ལྕེའི་དབུས་ལྕེའི་དབུས་ཀྱི་བྱེད་པ་ཅན་དང་།སོ་ལས་སྐྱེས་པ་རྣམས་ལྕེ་རྩེའི་བྱེད་པ་ཅན་བཅས་སོ།།རྩོལ་བ་ལ་ཕྱི་ནང་གཉིས་ཡོད་པ་ལས་ཕྱིའི་རྩོལ་བ་ནི་ཕྱི་རོལ་ཏུ་སྒྲ་ཐོན་པ་ལྟ་བུའི་བྱེད་རྩོལ་དང་ལྡན་པའི་ཕྱིར་ཏེ་དེ་ལའང་ཐོན་ཆེ་ཆུང་གི་དབྱེ་བས་ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་འ་ཡ་ར་ལ་ཧ་ཨ་ཨི་ཨུ་ཨེ་ཨོ་བཅས་ཉི་ཤུ་ཐམ་པ་རྣམས་སྒྲ་ལྡན་དང་།ཀ་ཁ་ཅ་ཆ་ཏ་ཐ་པ་ཕ་ཙ་ཚ་ཞ་ཟ་ཤ་ས་བཅས་བཅུ་བཞི་སྒྲ་མེད་དང་།སྒྲ་ཕྱིར་དབྱུང་བའི་ཚེ་དབུགས་ཤུགས་ཆེ་ཆུང་གི་དབང་གིས་ཁ་ཆ་ཐ་ཕ་ཚ་ཞ་ཟ་ཤ་ས་ཧ་ཨ་ཨི་ཨུ་ཨེ་ཨོ་བཅས་བཅོ་ལྔ་སྲོག་ཆེན་དང་།དེ་བྱིངས་ཀ་ག་ང་ཅ་ཇ་ཉ་ཏ་ད་ན་པ་བ་མ་ཙ་ཛ་ཝ་འ་ཡ་ར་ལ་བཅས་བཅུ་དགུ་སྲོག་ཆུང་དང་།དེ་དག་ལས་ཞ་ཟ་ཤ་ས་ཧ་རྣམས་བརྗོད་པའི་དབུགས་དྲོ་བར་འབྱིན་པས་དྲོ་བའང་ཡིན་ནོ།།ནང་གི་རྩོལ་བ་ནི་མགྲིན་པ་གདངས་ནས་བརྗོད་དགོས་པའི་ཕྱིར་ཨ་ཡིག་མ་གཏོགས་སྲོག་ཆེན་གྱི་ཡི་གེ་རྣམས་ཕྱེ་བའི་རྩོལ་བ་ཅན་དང་།ཨ་ཡིག་མགྲིན་པ་མ་ཕྱེ་བར་བརྗོད་པའི་ཕྱིར་བཙུམ་པའི་རྩོལ་བ་ཅན་ཡིན་པ་སོགས་རྩ་བར་བཟུང་བའི་ཀློག་ཚུལ་དག་པོ་ཞིག་དགོས་པ་ནི་གལ་ཤིན་ཏུ་ཆེའོ།།”ཞེས་གསུངས་པ་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་གཞན་རྣམས་ཀྱི་བསྟན་དོན་དང་ཡོངས་སུ་མཐུན་ནོ། བཞི། ཡི་གེའི་དབྱེ་བ་བཤད་པ། ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན》ཞེས་བྱ་བ་ལས།དབྱངས་དང་གསལ་བྱེད་གཉིས་ཡོད་པར་རྒྱ་བོད་གཉིས་ཀས་འདོད་ཅིང་།དེ་དག་ལ་ཅིའི་ཕྱིར་དབྱངས་དང་གསལ་བྱེད་ཅེས་བྱ་ཞེ་ན།གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲ་ཙམ་དང་ང་རོ་ཙམ་ཤས་ཆེ་བ་ནི།དབྱངས་སམ་ཨཱ་ལིའི་ཡི་གེ་དང་།གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་མཆུ་སོགས་ཕྱེ་འཛུམ་གྱི་དབང་གིས་ཅུང་ཟད་བརྗོད་བྱ་གསལ་བར་བྱེད་པའི་ཁྱད་པར་ཅན་དུ་གྱུར་པ་ནི།གསལ་བྱེད་དམ་ཀ་ལིའི་ཡི་གེ་ཞེས་བྱའོ།། ཞེས་གསུངས་ཡོད།བོད་རང་གི་བརྡ་སྤྲོད་ཀྱི་གཞུང་དུ། སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ།།དེ་ཕྱིར་ཀ་ལི་སུམ་ཅུ་པོ།། ཕོ་ཡི་ཡི་གེ་འབའ་ཞིག་ལ།། ནང་གསེས་སྡེ་ཚན་ལྔར་དབྱེ་སྟེ།ཀ་ཅ་ཏ་པ་ཙ་རྣམས་ཕོ།། ཁ་ཆ་ཐ་ཕ་ཚ་མ་ནིང་།། ག་ཇ་ད་བ་ཛ་ཝ་ཞ།། ཟ་འ་ཡ་ཤ་ས་རྣམས་མོ།།ང་ཉ་ན་མ་ཤིན་ཏུ་མོ།། ར་ལ་ཧ་ཨ་མོ་གཤམ་སྟེ།། ཨ་ནི་མཚན་མེད་ཅེས་ཀྱང་བྱ།། ཞེས་བྱའོ།།ཡི་གེ་འབྱིན་པར་བྱེད་པའི་རྒྱུ་སྟེ། དྲིལ་བུའི་ལྕེ་ལྟ་བུ་ཡིན་ལ།ལྕེ་དང་རྐན་གཉིས་གཙོ་བོ་ཡིན་ཞིང་དེ་དག་གནས་རྣམས་སུ་ཕྲད་པའི་དབང་གིས་བྱེད་པ་རྣམ་པ་དྲུག་བྱེད་དེ།ཕྲད་པ་དང་། ཅུང་ཟད་ཕྲད་པ་དང་། བཙུམ་པ་དང་། ཕྱེ་བ་དང་། དོག་པ་དང་།ཡངས་པར་བྱས་པའི་དབང་གིས་ཡི་གེ་སོ་སོ་འབྱུང་བའོ།། ཞེས་གསུངས་ཡོད།གོང་གི་སྡོམ་ཚིག་འདི་ལས་གཅིག་ནས་ཡི་གེའི་དབྱེ་བ་དང་།གཉིས་ནས་དབྱངས་གསལ་སོ་སོའི་རང་རང་གི་ཁྱད་ཆོས་འཁོད་ཡོད་པ་མ་ཟད་ནང་གསེས་གསལ་བྱེད་རེ་རེའི་སྒྲའི་ཁྱད་ཆོས་འཁོད་ཡོད་པ་མ་ཟད་ནང་གསེས་གསལ་བྱེད་རེ་རེའི་སྒྲའི་ཁྱད་ཆོས་ཀྱང་གསལ་པོར་བསྟན་ཡོད།“སྤྱིར་བོད་ཡིག་ལ་དབྱངས་གསལ་ཀྱི་ང་རོ་ལྔ་ཡོད་དེ།དྲང་པོ་དང་། བཀུག་པ་དང་། སྨད་པ་དང་། བསྒྲེང་བ་དང་། བསྟོད་པའོ།། དང་པོ་ནི།ཀ་ནས་ཨ་ཡི་བར་གྱི་ཡི་གེ་སོ་ན་གནས་པ་རྣམས་སོ།། གཉིས་པ་ནི།ཀི་སོགས་གུག་གུ་ཅན་གྱི་ཡི་གེ་ཇི་སྙེད་པའོ།། གསུམ་པ་ནི།ཀུ་སོགས་ཞབས་ཀྱུ་ཅན་ཇི་སྙེད་པའོ།། བཞི་པ་ནི། ཀེ་སོགས་འགྲེང་བུ་ཅན་ཇི་སྙེད་པའོ།།ལྔ་པ་ནི། ཀོ་སོགས་རྣ་རུ་ཅན་ཇི་སྙེད་པའོ།།”ཞེས་གསུངས་སོ།
གསུམ་པ། ཚོད་ལྟ་སྐད་གདངས་རིག་པའི་སྐོར་བཤད་པ།
གཅིག ཚོད་ལྟ་སྐད་གདངས་རིག་པའི་གོ་དོན་དང་དེའི་བྱུང་འཕེལ་གྱི་ལོ་རྒྱུས་བཤད་པ། སྤྱིར་རིག་གཞུང་ཞིག་དང་དེའི་བྱེ་བྲག་གི་རིག་ཚན་གང་རུང་ཞིག་འཕེལ་རྒྱས་འགྲོ་དགོས་ན་གཅིག་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་དང་གཉིས་ནས་རིག་གཞུང་ངམ་རིག་ཚན་གང་རུང་ཞིག་གི་ཞིབ་འཇུག་ཀྱི་ཁ་ཕྱོགས་ངེས་ཅན་ཞིག་གཏན་འཁེལ་བྱ་རྒྱུ་དེ་ཡིན།དཔེར་ན།རྩིས་འཁོར་ལྟ་བུའི་དངོས་པོ་གསར་པ་ཞིག་བྱུང་བ་དང་མཉམ་དུ་དེ་དང་འབྲེལ་ཡོད་ཀྱི་རིགས་པའི་གཞུང་ལུགས་ངེས་ཅན་ཞིག་རིམ་བཞིན་དར་བ་ལྟར་ཚོད་ལྟ་སྐད་གདངས་རིག་པ་ལ་མཚོན་ན།དེང་རབས་སྐད་གདངས་རིག་པའི་གཞུང་ལུགས་ཀྱི་འཐུས་སྒོ་ཉིན་རེ་བཞིན་ཇེ་ཚང་དང་ཇེ་ལེགས་སུ་འགྲོ་བ་དང་མཉམ་དུ།དེང་རབས་ཚན་རིག་ལག་རྩལ་དང་ལག་ཆ་ཇེ་མང་དུ་སོང་བ་དང་བསྟུན་ནས་སྐད་གདངས་རིག་པའི་ཞིབ་འཇུག་གི་ཐད་ལ་དངོས་ལུགས་རིག་པ་དང་།གསོ་བ་རིག་པ་སོགས་ཀྱི་ལག་ཆ་〔དཔེར་ན浪纹计﹙འབུར་རིས﹚假腭﹙རྐན་ལས་མ﹚X光﹙Xའོད་རྟགས﹚〕བཀོལ་སྤྱོད་བྱས་ནས་སྐད་གདངས་ཀྱི་ཐད་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པས་ཚོད་ལྟ་སྐད་གདངས་རིག་པ་ལ་“དཔྱད་ཆས་སྐད་གདངས་རིག་པ” ﹙仪器语方学﹚ཞེས་འབོད་བཞིན་ཡོད།དེའི་རྒྱུ་མཚན་ཡང་སྐད་གདངས་ལ་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད་དུ་གོང་གི་དེ་དང་དེ་འདྲ་བའི་ཚོད་ལྟའི་ལག་ཆ་བཀོལ་སྤྱོད་བྱས་པས་ཡིན། ཚོད་ལྟ་སྐད་གདངས་རིག་པ་ནི་དུས་རབས་ཉི་ཤུའི་དུས་འགོར་དར་འགོ་བརྩམས་ཤིང་།དེའི་དུས་རིམ་དབྱེ་སྟངས་ལ་ལོན་ཏོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་D、B、Fryཡིས་དུས་རིམ་གསུམ་དུ་དབྱེ་ཡོད་པ་སྟེ།དུས་རིམ་དང་པོ་ནི་༡༩༠༠ནས་༡༩༢༠བར་དང་། དུས་རིམ་གཉིས་པ་ནི་༡༩༢༠ནས་༡༩༤༠བར།དུས་རིམ་གསུམ་པ་ནི་༡༩༤༠ནས་༡༩༧༠བར་ཡིན།སྐབས་འདིར་ཚོད་ལྟ་སྐད་གདངས་རིག་པའི་ཞིབ་འཇུག་གི་ནང་དོན་དང་ངོ་བོ་གཞིར་བཟུང་ནས་དེའི་འཕེལ་རྒྱས་ལ་དུས་རིམ་གསུམ་དུ་དབྱེ་ཡོད། ༡.སྐྱེ་གནས་ཀྱི་ཞིབ་འཇུག་གཙོ་བོར་བཟུང་བའི་དུས་རིམ། ཚོད་ལྟ་སྐད་གདངས་རིག་པའི་འབྱུང་ཁུངས་ནི་དེང་རབས་སྐད་གདངས་རིག་པ་ཡིན་ཞིང་། དེང་རབས་སྐད་གདངས་རིག་པས་སྒྲའི་སྐྱེ་གནས་ཀྱི་ཞིབ་འཇུག་གཙོ་བོར་བཟུང་ནས་དུས་ཡུན་རིང་པོ་སོང་བ་དང་།རྒྱལ་སྤྱིའི་སྐད་གདངས་ཞིབ་འཇུག་ལ་མཚོན་ན།༡༨༨༨ལོར་ཁྱབ་བསྒྲགས་བྱས་པའི་རྒྱལ་སྤྱིའི་སྒྲ་རྟགས་ནི་དུས་སྐབས་དེའི་བླ་ན་མེད་པའི་གྲུབ་འབྲས་ཆེན་པོ་ཞིག་རེད།འདིས་འཛམ་གླིང་གི་སྐད་རིགས་ཡོད་ཚད་ཟིན་ཐོར་འགོད་ཆོག་པ་མ་ཟད་སྐྱེ་གནས་སོ་སོའི་ཁྱད་ཆོས་ལ་གཞིགས་ནས་སྒྲ་དེ་ཇི་ལྟར་འདོན་ཚུལ་གསལ་པོར་མཚོན་ཐུབ།དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུའི་ཡར་སྔོན་དུ།སྐད་གདངས་ཚོད་ལྟའི་ཞིབ་འཇུག་གི་གཙོ་གནད་ནི་སྒྲའི་སྐྱེ་གནས་དང་སྒྲའི་བྱེད་རྩོལ་གཉིས་ཡིན། ༢.སྒྲ་རིག་པའི་ཚོད་ལྟ་གཙོ་བོར་བཟུང་བའི་དུས་རིམ། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་ནས་དྲུག་ཅུ་བར་གྱི་སྐད་གདངས་ཚོད་ལྟའི་ཞིབ་འཇུག་གི་གཙོ་གནས་དེ་དངོས་ལུགས་སྒྲ་རིག་པར་﹙物理声学﹚ཕྱོགས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།རང་བྱུང་ཚན་རིག་གི་ཕྱོགས་ནས་སྒྲ་རིག་ཞིབ་འཇུག་མཁས་ཅན་དང་འཕྲིན་སྐྱེལ་བཟོ་བཀོད་པ་གང་མང་ཞིག་སྐད་གདངས་ཞིབ་འཇུག་གི་བྱ་བར་ཞུགས་པའི་རྐྱེན་གྱིས་དངོས་ལུགས་སྒྲ་རིག་པའི་ཞིབ་འཇུག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་།ལྷག་པར་དུ་ཁ་པར་གསར་གཏོད་བྱས་རྗེས།དེ་ཉིད་འཕྲལ་དུ་མི་རྣམས་ཀྱི་དུས་རྒྱུན་གྱི་འཚོ་བ་དང་སྤྱི་ཚོགས་སྟེང་དུ་བཀོལ་སྤྱོད་ཤིན་ཏུ་ཆེས་ཆེ་བའི་འཕྲིན་སྐྱེལ་ལག་ཆ་བཟང་པོ་ཞིག་ཏུ་གྱུར།དེས་ས་ཐག་ཉེ་རིང་ལ་ཁྱད་མེད་དུ་ཕན་ཚུན་ཁ་བརྡ་དང་། འཕྲིན་སྐྱེལ།འབྲེལ་གཏུགས་སོགས་བྱེད་ཆོག་པས།སྐད་གདངས་ཞིབ་འཇུག་གི་ལོ་རྒྱུས་སྟེང་དུ་འབྲས་བུ་ཆེན་པོ་ཞིག་བླངས་ཡོད་ཅེས་བརྗོད་ཆོགཞིབ་འཇུག་པ་ཚོས་ཁ་པར་སོགས་གློག་རྒྱུན་﹙电流﹚ལ་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད་དུ།སྒྲ་དག་མིན་དང་མཐོ་དམའ་སོགས་ལ་ཚོད་འཛིན་ལེགས་པོ་ཡོང་པའི་ཆེད་དུ་སྐད་གདངས་ཀྱི་ཁྱད་ཆོས་དང་དེའི་གྲུབ་ཚུལ་ལ་སྔར་ལས་ལྷག་པར་མཐོང་ཆེན་དང་ཞིབ་འཇུག་གཏིང་ཟབ་བྱས།ཚན་རིག་ལག་རྩལ་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་སྦྲགས་དེང་རབས་ཀྱི་སྔོན་ཐོན་འཕྲུལ་ཆས་དང་ལག་ཆ་གང་མང་ཞིག་སྔ་རྗེས་སུ་ཐོན་ནས་ཞིབ་འཇུག་པ་རྣམས་ཀྱིས་ལས་དོན་ལ་རམ་འདེགས་དང་རོགས་རམ་མི་ཉུང་བ་ཞིག་ཐོབ་ཅིང་།དེས་སྐད་གདངས་ཀྱི་སྐྱེ་གནས་དང་བྱེད་རྩོལ་སོགས་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད་དངོས་ལུགས་སྒྲ་རིག་པའི་སྐོར་གྱི་ཞིབ་འཇུག་ལ་དོན་སྙིང་དེ་བས་ཆེན་པོ་ལྡན་ཡོད།དཔེར་ན། ངག་པྲ་﹙语图仪﹚ལ་མཚོན་ན།མིའི་སྒྲ་འདོན་དབང་པོ་ལས་ཐོན་པའི་སྒྲ་དེ་ངག་པྲ་ལ་བརྟེན་ནས་གཟུགས་རིས་སུ་བཀོད་ཐུབ་པས།དེ་ནི་ངག་ལས་བརྗོད་པའི་སྐད་གདངས་དེ་གཟུགས་རིས་སུ་བཀོད་ནས་དཔེ་ཆ་ཇི་བཞིན་ལྟ་ཐུབ་པའི་ལག་ཆ་གསར་པ་ཞིག་ཏུ་གྱུར།གཟུགས་རིས་ཀྱི་ཁྱད་ཆོས་ལ་གཞིགས་ནས་སྒྲ་དེའི་དབྱངས་གསལ་གྱི་འཕེལ་འགྱུར་གསལ་པོར་ཤེས་ཐུབ་ཀྱི་ཡོད། ༣.ཚོད་ལྟ་སྐད་གདངས་རིག་པའི་ཞིབ་འཇུག་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བའི་དུས་རིམ། དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་འགོ་ནས་བཟུང་།སྐད་གདངས་ཚོད་ལྟའི་ཞིབ་འཇུག་བྱ་གཞག་ལ་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་ཞིང་།སྒྲ་རིག་པ་དང་།﹙声学﹚ལུས་ཁམས་དང་། དངོས་ལུགས། སེམས་ཁམས།ཤེས་ཚོར་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ། དཔེར་ན།སྐད་གདངས་མཉམ་སྡེབ་﹙语音合成﹚ལ་མཚོན་ན། གློག་རྩིས་ལ་སྐད་ཆ་བཤད་དུ་འཇུག་པ།དེ་ཡང་གློག་རྩིས་ཀྱིས་མི་དང་འདྲ་བར་སྐད་ཆ་བཤད་པའི་བྱེད་ནུས་འདོན་སྤྲོད་བྱེད་དགོས་ན།སྐད་གདངས་ངེས་ཅན་ཞིག་གི་འབྲེལ་ཡོད་ཀྱི་སྐད་གདངས་དཔྱད་གྲངས་﹙语音参数﹚དང་མཉམ་སྡེབ་ཚད་གཞི་﹙合成规则﹚བཅས་གློག་རྩིས་ནང་འཇུག་དགོས།དེ་ལྟར་བཅུག་རྗེས་ད་གཟོད་མིའི་བཀོད་འདོམས་ལྟར་སྐད་གདངས་མཉམ་སྡེབ་བྱེད་ཐུབ།སྐད་གདངས་ངོས་འཛིན་﹙语方识别﹚གྱི་འགན་ནུས་གཙོ་བོ་ནི་གློག་རྩིས་ཀྱིས་སྐད་ཆ་གོ་ཐུབ་པའི་བྱེད་ནུས་འདོད་སྤྲོད་བྱེད་རྒྱུ་དེ་ཡིན།དུས་རིམ་འདིར་སྨྲ་བརྗོད་བཟོ་བཀོད་﹙言语工程﹚སོགས་སྐད་གདངས་ཞིབ་འཇུག་དང་འབྲེལ་བའི་ལས་དོན་གང་མང་ཞིག་སྤེལ་ཡོད་ལ།ཞིབ་འཇུག་གི་འབྲས་བུ་ཡང་མི་དམན་པ་ཐོབ་ཡོད། གཉིས། ཚོད་ལྟ་སྐད་གདངས་རིག་པའི་ཞིབ་འཇུག་བྱེད་ཐབས་སྐོར། མིའི་སྐད་གདངས་དེ་རང་བྱུང་ཁམས་ཀྱི་སྒྲ་གཞན་དག་དང་བསྡུར་ན་དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་དང་། ཚོད་ལྟ་སྐད་གདངས་རིག་པའི་ཞིབ་འཇུག་བྱེད་ཐབས་ཀྱི་ཐད་ནས་བཤད་ན། ཞིབ་འཇུག་བྱེད་མཁན་དང་། དཔྱད་གཞིའི་མ་ཡིག﹙སྐད་གདངས་﹚སྒྲ་འདོད་མཁན་བཅས་གསུམ་བར་འབྲེལ་བ་དམ་པོ་ཡོད། ﹙༡﹚སྔོན་འགྲོའི་ཆ་རྐྱེན་སྐོར། ང་ཚོས་ཚོད་ལྟའི་ཐབས་ལམ་ལ་བརྟེན་ནས་སྐད་གདངས་ལ་ཞིབ་འཇུག་བྱེད་དགོས་ན་ཐོག་མར་གྲ་སྒྲིག་གི་ལས་ཀ་གང་མང་ཞིག་བསྒྲུབ་དགོས། ༡.སྐད་གདངས་ལ་ཞིབ་འཇུག་བྱེད་དགོས་ན་ཐོག་མར་ས་ཆ་ཞིག་གི་སྐད་གདངས་གཞིར་བཟུང་དགོས་པ།དཔེར་ན། ཨམ་སྐད་ཀྱི་ནང་ནས་མགོ་ལོག་དགའ་བདེའི་འབྲོག་སྐད་དང་། ཞོན་ཧྭའི་རོང་སྐད།བླ་བྲང་གི་རོང་མ་འབྲོག་སྐད་ལྟ་བུའོ། ༢.ས་ཆ་དེའི་སྐད་ལ་བྱང་ཆ་ཡོད་པ་མ་ཟད་སྐད་གཞན་གྱི་ཤན་ཞུགས་མེད་པའི་ས་དེའི་གཏན་སྡོད་བྱེད་མཁན་དང་།ཡང་ན་གཞི་རིམ་ནས་ཐོན་པའི་སློབ་མ་ཡིན་ནའང་ཆོགསྤྱིར་བཏང་སྐད་གདངས་ཚོད་ལྟ་བྱེད་ཡུལ་མང་ཆེ་བ་སྐྱེས་པ་ཡིན་དགོས་ལ་ལོ་ཚོད་ཀྱི་ཐད་ནས་ལོ་ཆུང་ཡིན་ན་རབ་ཡིན།སྒྲ་འདོན་མཁན་གྱི་སྐད་དང་ལུས་ཁམས་བདེ་ཐང་ཡིན་དགོས་ལ།ཡུལ་སྐད་དང་ལུང་སྐད་ཅིག་གི་སྐད་གདངས་ལ་ཞིབ་འཇུག་བྱེད་དགོས་ན་སྒྲ་འདོན་མཁན་ལྔ་ནས་དྲུག་བར་ཡོད་དགོས། ༣.ཚོད་ལྟ་སྐད་གདངས་རིག་པའི་དཔྱད་གཞིའི་མ་ཡིག་ནི་ཡུལ་སྐད་དམ་ལུང་སྐད་ག་གེ་མོ་ཞིག་ཡིན་དགོས།དེ་ཡང་ཐོག་མར་དཔྱད་གཞིའི་མ་ཡིག་བསྡུ་ལེན་བྱེད་སྐབས་རྒྱུན་བཀོལ་གྱི་མིང་ཧ་ཅང་མང་པོ་ཡོད། ༤.སྔོན་ནས་གྲ་སྒྲིག་བྱས་ཟིན་པའི་དཔྱད་གཞིའི་མ་ཡིག་རྩིས་འཁོར་ལ་བརྟེན་ནས་སྒྲ་དབབ་དགོས་པ་མ་ཟད་རྩིས་འཁོར་གྱི་ནང་དུ་ཉར་ཚགས་བྱེད་དགོས།སྒྲ་འབེབས་ཡུལ་གྱི་ཁོར་ཡུག་ལྷིང་འཇགས་ཡིན་དགོས་པ་དང་།སྒྲ་འདོན་མཁན་གྱི་སེམས་ལ་བྲེལ་འཚབ་དང་ཞེད་སྣང་སོགས་ཡོད་ན་མི་འགྲིགཆ་རྐྱེན་ཡོད་ན་སྐད་གདངས་ལ་ཞིབ་འཇུག་བྱ་ཡུལ་ཆེད་ལས་ཀྱི་ཚོད་ལྟ་ཁང་དུ་སྒྲ་ལེན་ཐུབ་ན་རབ་ཡིན། ﹙༢﹚ཚོད་ལྟའི་གྲ་སྒྲིག་སྐོར། ༡.ཚོད་ལྟ་སྐད་གདངས་རིག་པའི་ཐད་ནས་སྐད་གདངས་ལ་ཞིབ་འཇུག་བྱེད་མཁན་ཞིག་ལ་མཚོན་ན།ཕྱོགས་མང་པོ་ཞིག་གི་ཆ་རྐྱེན་འཛོམས་ན་ཞིབ་འཇུག་གི་གྲུབ་འབྲས་ཆེན་པོ་ཐོབ་ཐུབ། དཔེར་ན།གཅིག་ནས་ཞིབ་འཇུག་བྱེད་པའི་སྐད་གདངས་དེའི་ཁྱད་ཆོས་དང་ལོ་རྒྱུས་རྒྱབ་ལྗོངས་ཤེས་ཐུབ་པ་དང་།གཉིས་ནས་རྩིས་འཁོར་དང་ལྷག་པར་དུ་སྐད་གདངས་ལ་དབྱེ་ཞིབ་བྱེད་སྤྱད་ཀྱི་མཉེན་ཆས་སོགས་ལ་རྒྱུས་ལོན་ངེས་ཅན་ཞིག་ལྡན་ན་འགྲིག་པ་དང་།གསུམ་ནས་སྐད་བརྡ་རིག་པའི་འབྲེལ་ཡོད་ཀྱི་རྨང་གཞིའི་ཤེས་བྱ་ངེས་ཅན་ཞིག་ལྡན་དགོས། ༢.སྐད་གདངས་མཉེན་ཆས་སྐོར། རྩིས་འཁོར་ལག་རྩལ་ཉིན་རེ་བཞིན་འཕེལ་རྒྱས་བྱུང་བའི་འགྲོས་དང་བསྟུན་ནས་རིག་ཚན་གང་མང་ཞིག་ལ་མཁོ་བའི་མཉེན་ཆས་བྱུང་དང་འབྱུང་བཞིན་ཡོད།དེ་བཞིན་སྐད་གདངས་དབྱེ་ཞིབ་སྐོར་གྱི་མཉེས་ཆས་ཀྱང་མང་པོ་ཞིག་ཡོད།སྐབས་འདིར་ང་ཚོས་རྒྱུན་དུ་བཀོལ་སྤྱོད་བྱེད་པའི་སྐད་གདངས་མཉེན་ཆས་འགའ་ངོ་སྤྲོད་མདོ་ཙམ་བྱས་ན་འདི་ལྟ་སྟེ། སྒྲ་ལེན་གྱི་མཉེས་ཆས། སྐད་གདངས་ལ་ཞིབ་འཇུག་བྱེད་དགོས་ན་ཐོག་མར་རྩིས་འཁོར་དུ་ནང་འཇུག་བྱེད་པའི་སྒྲ་ལེན་མཉེས་ཆས་﹙录音软件﹚དེ་དག་ལ་བརྟེན་ནས་སྒྲ་རྩིས་འཁོར་གྱི་ནང་དུ་གསོག་འཇོག་བྱེད་དགོས།རྒྱུན་དུ་བཀོལ་སྤྱོད་བྱེད་པའི་སྒྲ་ལེན་མཉེས་ཆས་ནི་Cooledit,praatསོགས་ཡོད།སྐད་གདངས་ལ་ཞིབ་འཇུག་བྱེད་མཁན་ཆེད་ལས་མི་སྣ་རྣམས་ཀྱིས་Cooleditལ་བརྟེན་ནས་སྒྲ་ལེན་བྱེད་པ་མང་། སྐད་གདངས་དབྱེ་ཞིབ་མཉེན་ཆས། སྐད་གདངས་དབྱེ་ཞིབ་མཉེན་ཆས་﹙语音分析轶件﹚ཀྱིས་གོང་གི་རྩིས་འཁོར་དུ་བླངས་པའི་སྒྲ་དེ་དག་མཉེན་ཆས་ལ་བརྟེན་ནས་སྒྲའི་ཁྱད་ཆོས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་ཆོག་དུས་རྒྱུན་དུ་བཀོལ་སྤྱོད་བྱེད་པའི་སྐད་གདངས་དབྱེ་ཞིབ་མཉེན་ཆས་ནིpraat,ཨ་མེ་རི་ཁའི་KAYཀུང་སིས་གསར་བཟོ་བྱས་པའི་Multi-speech3700སོགས་ཡིན།འདི་གཉིས་ལས་བཀོལ་རྒྱ་ཆེ་བ་ནི་praatཡིན། གསུམ། དཔེ་དང་སྦྲགས་ནས་ཚོད་ལྟ་སྐད་གདངས་རིག་པའི་བྱེད་ནུས་བསྟན་པ། བོད་ཀྱི་བརྡ་སྤྲོད་གཞུང་དུ་དབྱངས་གསལ་སོ་སོའི་སྒྲའི་སྐྱེ་གནས་དང་བྱེད་རྩོལ་སོགས་གསལ་པོར་བསྟན་ཡོད།འདི་ནི་བོད་རང་གི་རིམ་བྱོན་མཁས་དབང་རྣམས་ཀྱིས་དུས་ཡུན་རིང་བའི་སློབ་སྦྱོང་དང་ཞིབ་འཇུག་ལག་ལེན་གྱི་ཁྲོད་དུ་བསྡོམས་བྱས་པའི་འབྲས་བུ་ཞིག་ཡིན།ང་ཚོས་རྗེས་རབས་རྣམས་ཀྱིས་སྔར་ཡོད་ཀྱི་རིག་གནས་འདི་དག་རྒྱུན་འཛིན་དང་སློབ་སྦྱོང་བྱེད་དགོས་པ་མ་ཟད་མི་རིགས་གཞན་གྱི་ལེགས་པའི་ཆ་རྣམས་ཀྱང་བསྡུ་ལེན་བྱེད་རྒྱུའང་ཧ་ཅང་གལ་ཆེ།དེ་ལ་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་“འདིར་སྐབས་སུ་བབས་པ་ནི་བོད་ཀྱི་སྐད་ཡིག་གི་སྐོར་ཡིན།འདིའི་ཐད་ལའང་བོད་ཀྱི་སྐད་ཡིག་གཉིས་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་པས།རྒྱུན་འཁྱོངས་བྱེད་དགོས་པར་ཐག་ཆོད་པ་དང་།མི་རིགས་གཞན་གྱི་སྔོན་ཐོན་གྱི་སྐད་ཡིག་གི་ལེགས་པའི་ཆ་ལེན་རྒྱུ་དང་།མི་རིགས་རང་གི་སྐད་ཡིག་གི་ཞན་པའི་ཆ་གང་ཡོད་ཁྱད་གསོད་དང་རིམ་བཞིན་ལེགས་བཅོས་བཏང་སྟེ་ལེགས་ཐོག་ལེགས་བརྩེགས་བྱེད་དགོས་པ་ལས།ངའི་ཨ་མའི་ཕོར་པ་གཙང་མ་ཡིན་ཞེས་པའི་དཔེར་མ་སོང་བ་ཞིག་དགོས་པ་མ་ཟད།བོད་རིགས་གཞོན་ནུ་ཚོས་བརྩོན་པ་ཆེར་བསྐྱེད་ཀྱིས་བོད་ཡིག་སློབ་དགོས་པ་མ་ཟད།མི་རིགས་གཞན་གྱི་སྐད་ཡིག་མཐར་ཕྱིན་པ་སློབ་དགོས་ངེས་ཡིན།”ཞེས་གསུངས་པ་ལྟར་རོ། སྐབས་བབ་ཀྱི་བརྗོད་གཞིར་གྱུར་བའི་སྐད་གདངས་རིག་པའི་ཞིབ་འཇུག་ལ་མཚོན་ན།བོད་ལ་རང་གི་སྐད་ཀྱི་ཁྱད་ཆོས་དང་ལྡན་པའི་སྐད་གདངས་རིག་པའི་གཞུང་ལུགས་ཆ་ཚང་བ་ཞིག་ཡོད་པ་བསྙོན་དུ་མེད།འོན་ཀྱང་།དེང་རབས་སྐད་གདངས་རིག་པའི་འཕེལ་རྒྱས་ལ་ཁ་ཕྱོགས་ནས་བལྟས་ན་བོད་ཀྱི་སྐད་གདངས་ཞིབ་འཇུག་གི་ཆུ་ཚད་ནི་སྲོལ་རྒྱུན་སྐད་གདངས་ཞིབ་འཇུག་གི་ཚད་ལས་བརྒལ་ཐུབ་མེད།སྲོལ་རྒྱུན་སྐད་གདངས་རིག་པའི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་སྒྲའི་སྐྱེ་གནས་དང་བྱེད་རྩོལ་སོགས་ལུས་ཁམས་དང་འབྲེལ་བའི་གནས་དག་ཡིན།འོ་ན།མི་ལ་ལས་བོད་ཀྱི་སྲོལ་རྒྱུན་གྱི་སྐད་གདངས་རིག་པའི་ཁྲོད་དུ་སྒྲ་རིག་སྐད་གདངས་རིག་པ་﹙声学语言学﹚དང་། སེམས་ཁམས་སྐད་གདངས་རིག་པའི་﹙心理语言学﹚ནང་དོན་ལྡན་ཡོད་དམ་ཞེ་ན། ལོས་ལྡན་ཡོད་དེ། དཔེར་ན།བོད་ཀྱི་སྲོལ་རྒྱུན་སྐད་གདངས་རིག་པའི་ཁྲོད་ཀྱི་བྱེད་རྩོལ་དང་རྣམ་རྟོག་སོགས་དེ་གཉིས་ཀྱི་ཁོངས་སུ་འདུས་པ་ཤ་སྟག་ཡིན་མོད།འོན་ཀྱང་།སྲོལ་རྒྱུན་སྐད་གདངས་རིག་པས་སྒྲ་ཞིག་གི་སྤྱིའི་ངོ་བོ་གཏན་འཁེལ་﹙定性﹚བྱེད་རྒྱུ་དམིགས་སུ་འཛིན་ནས་སྒྲ་ཕྱིར་དབྱུང་བའི་ཚེ་དབུགས་ཤུགས་ཆེ་ཆུང་གི་དབང་གིས་སྲོག་ཆེན་དང་སྲོག་ཆུང་གཉིས་སུ་དབྱེ་སྲོལ་ཡོད་པ་དང་།ཚོད་ལྟ་སྐད་གདངས་རིག་པར་མཚོན་ན་སྲོལ་རྒྱུན་སྐད་གདངས་རིག་པའི་རྨང་གཞིའི་ཐོག་སྒྲ་རེ་རེའི་ངེས་ཚད་﹙定量﹚ལ་ཕྱོགས་མང་པོའི་ཐོག་ནས་ཞིབ་འཇུག་བྱེད་པ་གཤམ་གྱི་དཔེ་རིས་འགའི་སྟེང་ནས་དཔྱད་བསྡུར་བྱས་ན་འདི་ལྟ་སྟེ།
 གོང་གི་དཔེ་རིས་དེས་སྐད་གདངས་མཉེས་ཆས་Multi-speech༣༧༠༠ལ་བརྟེན་ནས་གསལ་བྱེད་ཡི་གེ་ཀ་དང་ཁ་གཉིས་ཀྱི་སྒྲ་རིས་﹙语图﹚སྟེང་གི་ཁྱད་པར་མཚོན་པ་ཡིན།སྤྱིར་བོད་ཀྱི་སྐད་གདངས་རིག་པའི་གཞུང་དུ་ཀ་ཁ་གཉིས་ཀྱི་སྐྱེ་གནས་མགྲིན་པ་ཡིན་པ་གཅིག་མཐུན་ཡིན།འོན་ཀྱང་སྒྲའི་བྱེད་རྩོལ་གྱི་ཐད་ནས་ཁྱད་པར་ཡོད་དེ།སྒྲ་ཕྱིར་དབྱུང་བའི་ཚེ་དབུགས་ཤུགས་ཆེ་ཆུང་གི་དབང་གིས་སྲོག་ཆེན་དང་སྲོག་ཆུང་གཉིས་སུ་དབྱེ་བ་གོང་ནས་བཤད་ཟིན།སྒྲ་རིས་འདི་ལས་/k/དང་/kh/གཉིས་ཀྱི་ཁྱད་པར་ཤེས་ཐུབ། /kh/སྲོག་ཆེན་ཡིན་པའི་རྐྱེན་གྱིས་སྒྲ་རིས་ཀྱི་སྟེང་ནས་/kh/ཞེང་ཚད་ཆེ།དེ་གཉིས་ཀྱི་དུས་ཚོད་རིང་ཐུང་ཆ་ནས་/k/ལ་༠.༠༡༩༧m དང་/kh/ ལ་༠.༡༢༩༢msཙམ་ཡོད།
 གོང་གི་དཔེ་རིས་དེ་ནི་གསལ་བྱེད་ལ་དང་ཙ་གཉིས་ཀྱི་སྒྲ་རིས་སྟེང་གི་ཁྱད་པར་ཡིན།སྤྱིར་གསལ་བྱེད་ལ་དང་ཙ་གཉིས་ཀྱི་སྒྲ་རིས་སྟེང་གི་ཁྱད་པར་ཡིན།སྤྱིར་གསལ་བྱེད་ལ་དང་ཙ་གཉིས་ནི་སྒྲའི་སྐྱེ་གནས་དང་བྱེད་རྩོལ་ཐ་དད་ཡིན་པ་བོད་རང་གི་སྲོལ་རྒྱུན་སྐད་གདངས་རིག་པའི་གཞུང་ནས་གསུངས་ཡོད།ཡིན་ཡང་དེས་གསལ་བྱེད་རེ་རེའི་ཁྱད་ཆོས་སམ་ངོ་བོ་རགས་ཙམ་ལས་མཚོན་ཐུབ་མེད།གསལ་བྱེད་ཡི་གེ་/ts/དང་/L/གཉིས་ཀྱི་སྒྲ་རིས་ཀྱི་ཁྱད་པར་ལས་གསལ་བྱེད་རེ་རེའི་སྒྲའི་ཁྱད་ཆོས་མངོན་པར་བསྟན་ཡོད་། /ts/དང་/L/དེ་གཉིས་ཀྱི་སྒྲ་གཤིས་མི་འདྲ་བ་གཙོ་བོ་ནི་མགྲིན་རྩ་﹙声带﹚འགུལ་མིན་ལ་རག་ལས་ཡོད།སྒྲ་ལྡན་གྱི་གསལ་བྱེད་/L/ལ་མཚོན་ན་རྩོལ་སྣེའི་﹙共振峰﹚ཁྱད་ཆོས་སྒྲ་རིས་ཀྱི་སྟེང་ནས་ཤེས་ཐུབ་ཅིང་།དུས་ཚོད་རིང་ཐུང་གི་ཆ་ནས་/ts/ལ་༠༠༤༡༩msདང་/L/ལ་༠༠༧༧༧msཙམ་ཡོད་པ་ལྟ་བུ་རིགས་བསྒྲེའོ། འདིར་གསལ་བཤད་བྱ་རྒྱུ་ཞིག་ལ།གོང་གི་སྒྲ་རིས་དང་དེའི་གསལ་བྱེད་སོ་སོའི་དུས་ཚོད་རིང་ཐུང་སོགས་ནི་ཕྲན་གྱིས་རང་གི་ཡུལ་སྐད་གཞིར་བཟུང་ནས་ཚོད་ལྟ་བྱས་པའི་འབྲས་བུ་ཙམ་ཡིན་པས་ཡང་དག་མིན་གྱི་ཆ་ནས་ཁ་ཚོན་གཅོད་དཀའ་རུང་དམིགས་ཡུལ་གཙོ་བོ་ནི་ཚོད་ལྟ་སྐད་གདངས་རིག་པའི་ཞིབ་འཇུག་བྱེད་ཐབས་འདི་ཀློག་མཁན་རྣམས་ལ་ངོ་སྤྲོད་བྱས་པ་ཙམ་དེ་ཡིན།
མཇུག་བསྡུ་བའི་གཏམ།
སྐད་གདངས་ནི་སྐད་ཆའི་རྟེན་གཞི་ཡིན་ཞིང་།སྐད་གདངས་རིག་པ་ནི་སྐད་ཆ་དཔྱོད་མཁན་དག་གི་འཇུག་སྒོ་ལྟ་བུ་ཡིན།བོད་སྐད་ཀྱི་སྐད་གདངས་ཞིབ་འཇུག་ནི་ད་དུང་ཐོས་པ་ལག་བྲིས་ཀྱི་སྲོལ་རྒྱུན་དཔྱད་ཐབས་ཀྱི་སྟེང་ན་ལུས་ཡོད་པས་གཞུང་ལུགས་ཀྱི་ཐད་མུ་མཐུད་ཁ་གསབ་དགོས་པའི་རིགས་ལམ་མང་པོ་སྣང་།རྩོམ་འདིར་ཚོད་ལྟ་སྐད་གདངས་རིག་པའི་གཞུང་ལུགས་དང་བྱེད་ཐབས་གཞིར་བཟུང་སྟེ།ཕྱིས་སུ་སློབ་སྦྱོང་དང་བརྟག་དཔྱད་བྱེད་པར་དེང་རབས་སྐད་གདངས་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་རྩ་བའི་རྨང་གཞི་འདོན་སྤྲོད་ཙམ་བྱས་པ་ཡིན།། |