གནས་ཡུལ། མདུན་ངོས། བེད་སྤྱོད་གཏོང་ཚུལ།
 
 
༄༅།། བོད་སྐད་ཡིག་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད།
སྤེལ་དུས།2014-10-11   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ།

        བོད་ཀྱི་སྐད་ཡིག་ལ་ལོ་རྒྱུས་ཐོག་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་དུས་ཡུན་ཡོད། དུས་ཡུན་དེའི་རིང་ལ་བོད་ཀྱི་མཁས་དབང་རིམ་བྱོན་རྣམས་ཀྱིས་དཀའ་སྦྱད་སྡུག་རུས་ཁུར་དུ་བཞེས་ནས་རིག་གནས་རྒྱུན་འཛིན་དར་སྤེལ་མཛད་དེ་ད་ལྟའི་བར་ལ་སླེབས་ཡོད། ལོ་རྒྱུས་ཀྱི་དུས་རབས་འདི་སྙེད་ཀྱི་ནང་དུ་དར་རྒུད་ཇི་སྙེད་ཅིག་བྱུང་ཡོད། རྒྱལ་ཁབ་དབུ་བརྙེས་པའི་ཚུན་ལའང་གཡོན་ལྷུང་གི་ནོར་འཁྲུལ་སོགས་ཀྱི་དབང་གིས་ཉམས་ཆག་ཚབས་ཆེ་ཆུང་ལན་ཁ་ཤས་བྱུང་ཞིང་།ཁྱད་པར་དུ་རིག་གནས་གསར་བརྗེའི་སྐབས་སུ་གནོད་སྐྱོན་ཚབས་ཤིན་ཏུ་ཆེན་པོ་ཐེབས། ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་རྒྱལ་ཁབ་ཀྱི་བྱ་བཞག་ཐམས་ཅད་དྲང་བཅོས་ལེགས་བསྒྱུར་འབྱུང་མགོ་ཚུགས་པ་དང་ཆབས་ཅིག་བོད་ཀྱི་སྐད་ཡིག་བྱ་བའང་ཡར་རྒྱས་སུ་འགྲོ་མགོ་ཚུགས། དེ་རིང་ཁྱེད་སློབ་གྲྭའི་གནས་ཚུལ་མདོར་བསྡུས་ཤིག་མཚམས་སྦྱོར་བྱས་པ་ལ་བལྟས་ན། སློབ་གྲྭ་འདིར་དགེ་སློབ་ཀྱི་གྲངས་ཀ་མང་ཞིང་གཞི་ཁྱོན་ཡང་ཞིང་ཆེན་ཡོངས་ཀྱི་བོད་རིགས་སློབ་འབྲིང་ཀུན་ལས་ཆེ་གྲས་ཡིན། དེ་བས་སློབ་མའི་འཚོ་བའི་གྲོན་དངུལ་གྱི་མི་འདང་བའི་གནས་ཚུལ་ཡོད་པ་ཐོས། དེ་དག་གོང་རིམ་སྡེ་ཁག་ལ་དགོངས་ཞུ་བྱས་ན་དཀའ་ངལ་སེལ་རོགས་གནང་རྒྱུ་རེད། མི་རིགས་འདྲ་མཉམ་ཡིན་པ་དང་། མི་རིགས་ཀྱི་ཀྱི་ལྟ་བ་འདྲ་མཉམ་ཡིན་པ་ནི་རང་རྒྱལ་གྱི་ཁྲིམས་ལུགས་བཀོད་པའི་རྩ་དོན་ཆེན་པོ་ཞིག་རེད། རྩ་དོན་འདི་གོང་འོག་བར་གསུམ་ཚང་མས་བརྩི་སྲུང་བྱེད་དགོས་ལ།བྱེད་རྒྱུའང་རེད། གཙོ་བོ་བོད་ཀྱི་རིག་གནས་ཤེས་བྱ་འདིའི་རིན་ཐང་ག་ཚོད་ཡིན་པ་ངོས་འཛིན་ཡག་པོ་ཞིག་བྱས་ཏེ། བོད་ཀྱི་རིག་གནས་འདི་གསེར་ཡིན་ནམ་ས་ཡིན་པའི་ངོས་འཛིན་ལ་ལས་ཀ་འདི་སྒྲུབ་པའི་བློ་མཐུན་རྣམས་ཀྱིས་ཐོག་མར་བསམ་བློ་གཏོང་དགོས་ཡོད། མི་རིགས་ནི་མི་རིགས་ཀྱི་རིག་གནས་དར་རྒུད་ལ་བརྟེན་ནས་འཕེལ་རྒྱས་དང་ཉམས་རྒུད་དུ་འགྱུར་སྲིད་པ་ལོ་རྒྱུས་ཡིག་ཚང་ལ་གཟིགས་མཁན་ཚང་མས་ཤེས་གསལ་རེད། རང་རྒྱལ་གྱི་མན་ཇུ་མི་རིགས་འདི་མི་གྲངས་ཉུང་མོད། ལོ་རྒྱུས་སྟེང་མི་ལོ་ཉིས་བརྒྱ་རེ་བརྒྱད་ཙམ་ལ་སྲིད་དམ་པོར་བཟུང་། ཡིན་ན་ཡང་ད་ལྟ་མི་རིགས་འདིའི་རིག་གནས་ཕལ་ཆེར་ཉམས་དམས་སུ་ཕྱིན་ཚར་བ་རེད། རིག་གནས་ཉམས་ན་མི་རིགས་ཉམས་འགྲོ་བ་ཆོས་ཉིད་རེད། བོད་ཀྱི་སྐད་ཡིག་གི་ཁྱད་འཕགས་རང་བཞིན་ལ་རང་གིས་བསྟོད་པ་ཙམ་བྱས་པ་ནས་བསྡད་མི་ཆོག་པར་མ་ཟད། འདིའི་ཐད་ཀྱི་ལས་ཀ་ཧུར་བོ་དང་ཡང་འབད་བསྐྱར་འབད་རྒྱུན་སྲིང་ཞིག་བྱེད་དགོས། བོད་མིའི་ཁ་དཔེར། བུ་ཕས་མི་བསྟོད་དགྲས་བསྟོད། བུ་མོ་མས་མི་བསྟོདགནས་ཀྱིས་བསྟོད། ཟེར་བ་ལྟར་བོད་ཀྱི་སྐད་ཡིག་འདི་ཉིད་ཕྱི་གླིང་བའི་མཁས་པས་བོད་ཀྱི་སྐད་ཡིག་གི་རོ་བཅུད་མྱངས་ནས་ཡིད་ལ་མྱོང་བ་ཐོན་པ་རྣམས་ཀྱིས་བསྟོད་བསྔགས་བྱེད་བཞིན་པ་འདིའི་ཐོག་ནས་རང་གིས་བསྟོད་པ་མ་བྱས་ཀྱང་། ཡང་སྙིང་ག་འདྲ་ཞིག་ཡིན་པ་ར་སྤྲོད་གསལ་བོར་བྱེད་ཀྱིན་ཡོད། སྤྱིར་བཤད་ན། བོད་ཀྱི་སྐད་ཡིག་བྱ་བ་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཡོང་བར་དཀའ་སྤྱད་དང་བརྩོན་འགྲུས་ཁུར་དུ་འཁྱེར་ནུས་པའི་སྙིང་སྟོབས་ངེས་པར་ཡོད་དགོས། དཀའ་སྤྱད་བརྩོན་འགྲུས་གྲིབ་མ་ལྟར་བསྟེན་པའི་སྔོན་བྱོན་མཁས་པ་རྣམས་ཀྱི་སྲོལ་རྒྱུན་ལེགས་པོ་དར་སྤེལ་རྒྱུན་འཛིན་བཟང་བོ་བྱེད་དགོས། ཁོང་རྣམ་པས་སྔོན་སློབ་གཉེར་མཛད་དུས་ཆུ་གཙང་དང་རྩམ་པ་སྐྱ་བོ་བཞེས་ཏེ་སྲོག་འཚོ་བ་ཙམ་ལ་བརྟེན་ནས་མཁས་པ་ཆེན་པོའི་གོ་འཕང་བརྙེས་པ་དང་།དེས་རྒྱལ་ཁབ་ཕྱི་ནང་ལ་སྙན་གྲགས་གདུགས་དཀར་གཅིག་གིས་ཁྱབ་པ་འདི་བྱུང་བ་རེད།ཀུན་མཁྱེན་འཇམ་དབྱངས་བཞད་པས་སློབ་གཉེར་གནང་དུས་སྐབས་རེར་སྲན་མ་བརྔོས་མ་ཙམ་བཞེས་པ་དང་། སྐབས་རེར་ཆུ་གཙང་རྩམ་སྐྱ་ཙམ་བཞེས་ནས་སློབ་གཉེར་མཛད་པས་མཁས་པའི་ཡང་རྩེར་སོན་པ་རེད། ད་ལྟ་ཨ་མེ་རི་ཁ་སོགས་རྒྱང་རིང་གི་ཕྱི་གླིང་པས་ཀྱང་བླ་བྲང་བཀྲ་ཤིས་འཁྱིལ་ཤེས་ཀྱིན་ཡོད།ལུང་ཁུག་ཆུང་ངུ་འདི་དེ་འདྲ་ཤེས་དོན་ནི། སྐབས་འདིར་ཕྱག་མཛུབ་ཀྱིས་ཟླུམ་གོར་གྱི་དབྱིབས་མཛད་ནས་གསུངས། རྒྱུ་ནོར་མང་བ་དང་དཔལ་རྩལ་ཆེ་བའི་ཤེས་པ་མིན། གཙོ་བོ་དམ་པ་གང་ཟག་གཅིག་གི་ཤེས་བྱ་ཤེས་པའི་ཚད་ལ་དོ་ཟླ་བྲལ་བའི་གཟི་བྱིན་ཡིན། གཞན་ཡང་། རྡོ་སྦིས་དགེ་བཤེས་རིན་པོ་ཆེ་དང་། ཨ་མདོ་རེབ་གོང་གི་ལོ་ཙྰ་པ་ཆེན་པོ་དགེ་འདུན་ཆོས་འཕེལ་སོགས་ཀྱིས་ཀྱང་བོད་རང་གི་སྐད་ཡིག་ལ་དཔྱིས་ཕྱིན་པའི་སློབ་གཉེར་གནང་བའི་ཁར་སྐད་དང་ཡིག་རིགས་གཞན་ལའང་སྦྱངས་པ་གནང་བས་སའི་སྟེང་གི་སྒྲོན་མེ་ལྟ་བུར་གྱུར་ཏེ་རྒྱལ་ཁབ་ཕྱི་ནང་ཀུན་ལ་སྙན་གྲགས་ཁྱབ་པ་འདི་བྱུང་། ཁོང་རྣམ་པས་ཀྱང་དང་པོ་སློབ་གཉེར་གནང་དུས་དམ་པ་གོང་མའི་ཕྱག་བཞེས་བཟང་བོ་ལྟར་དཀའ་སྤྱད་དང་བརྩོན་འགྲུས་ཀྱི་འཚོ་བ་བབ་ཆགས་ཁོ་ན་བརྟེན་པ་ལས་གཞན་མིན། མདོར་ན། བོད་ཀྱི་སྐད་ཡིག་གི་བྱ་བ་སྒྲུབ་མཁན་ཁྱོད་ཚོས་ཀྱང་རང་གི་ཟླ་ཕོགས་ཀྱི་མང་ཉུང་དང་ལྟོ་རྒྱབ་ཁོ་ན་མ་བསམ་པར་མིག་རྒྱང་རིང་ཞིང་། མཐོང་རྒྱ་ཡངས་པས་ཡུན་རིང་གི་བསམ་བློ་ཞིག་གི་ཐོག་ནས་བོད་ཀྱི་སྐད་ཡིག་བྱ་བ་ལ་འབད་པ་བྱས་ཏེ་དར་སྤེལ་བྱེད་པའི་རྨང་གཞིའི་སྟེང་སྐད་དང་ཡིག་རིགས་གཞན་ལའང་སྦྱངས་བརྩོན་ལྷོད་མེད་བྱེད་རྒྱུའི་རེ་བ་བྱེད། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005